ཨ་རི་དང་རྒྱ་ནག་གི་མཐོ་རིམ་བདེ་འཇགས་དཔོན་རིགས་བར་ཕྱོགས་མང་པོའི་ཐད་གྲོས་མོལ་བྱས་འདུག

2022.06.14
ཨ་རི་དང་རྒྱ་ནག་གི་མཐོ་རིམ་བདེ་འཇགས་དཔོན་རིགས་བར་ཕྱོགས་མང་པོའི་ཐད་གྲོས་མོལ་བྱས་འདུག ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་(Jake Sullivan)
AP

ཡོ་རོབ་ཀྱི་ཡུལ་གྲུ་ལུཀ་སམ་སྦཱརཀ་རུ་ཕྱི་ཟླ་༦ཚེས་༡༤ཉིན་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་(Jake Sullivan)་དང་རྒྱ་ནག་གི་མཐོ་རིམ་ཕྱི་འབྲེལ་དཔོན་རིགས་(Yang Jiechi)་གཉིས་བར་གྲོས་མོལ་བྱས་ཤིང་། ཚོགས་འདུའི་རྗེས་ཚོགས་འདུའི་གནད་དོན་ཐད་སྒྲོགས་སྦྱང་ཞིག་བྱས་ཡོད་པ་དེའི་ནང་། ཕྱོགས་གཉིས་ཀའི་བརྗོད་ཚིག་ཁག་གཟའ་འཁོར་སྔོན་མའི་དཔོན་རིགས་གྲོས་མོལ་རྗེས་ཀྱི་སྒྲོག་སྦྱང་ལས་ཅུང་ཞི་འཇམ་པ་བྱུང་ཡོད་པ་ཧྥ་རནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འོན་ཀྱང་སྒྲོག་སྦྱང་དེའི་ནང་ཐེངས་འདིའི་གྲོས་མོལ་སྐབས་ཐེ་ཝན་གཙོ་བོར་གྱུར་བའི་ཡུལ་གྲུ་གཉིས་བར་གྱི་འགག་རྩའི་མི་མཐུན་པའི་གནད་དོན་ཐད་འགྲིག་འཇགས་བྱུང་བའི་སྐོར་གང་ཡང་བཀོད་མེད་པ་རེད།
གཟའ་འཁོར་སྔོན་མར་ཨ་རི་དང་རྒྱ་ནག་གི་བདེ་སྲུང་བློན་ཆེན་མཇལ་འཕྲད་སྐབས་རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱིས་རྒྱ་ནག་གི་ངོས་ནས་ཐེ་ཝན་ཆེད་ཐེ་ཚོམ་མེད་པར་དམག་འཐབ་བྱེད་རྒྱུ་ཡིན་པ་བརྗོད་པ་དང་། ཨ་རིའི་བདེ་སྲུང་བློན་ཆེན་གྱིས་རྒྱ་ནག་གི་གཏམ་བཤད་དེ་ནི་དམག་འཐབ་ལས་དོན་དང་འབྲེལ་བའི་འཁྲུག་རྐྱེན་སློང་གཞི་དང་བརྟན་ལྷིང་མེད་པ་བཟོ་ཐབས་ཤིག་ཡིན་པ་ལན་འདེབས་གནང་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ཡང་ཇིཡེ་ཆིས་ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཐད་ཀྱི་ཆབ་སྲིད་ཀྱི་རྨངས་གཞི་ཞིག་ཡིན་སྟབས། དེར་དོ་ནན་མ་བྱས་ཚེ་མཇུག་འབྲས་ངན་པ་ཡོང་སྲིད་པ་བརྗོད་ལུགས་ལུང་འདྲེན་བྱས་འདུག་ཅིང་། ཡང་ཨ་རིའི་ཕོ་བྲང་དཀར་པོའི་དཔོན་རིགས་མཐོ་གྲས་ཤིག་གིས། ཨ་རིའི་བདེ་སྲུང་སློབ་སྟོན་པས་ཡང་ཇིཡེ་ཆི་ལ་ཨ་རིའི་ངོས་ནས་རྒྱ་ནག་མངའ་དབང་རང་བཙན་གྱི་གནས་བབས་ཀྱི་ལངས་ཕྱོགས་གསལ་བཤད་བསྐྱར་ནན་གནང་པ་དང་སྦྲགས། རྒྱ་ནག་གི་ངོས་ནས་ཐེ་ཝན་ཐོག་འཇིགས་སྣང་དང་བཙན་སྐུལ་བྱེད་བཞིན་པར་བློ་ཚབས་ཡོད་པ་གསུངས་པ་འགྲེལ་བརྗོད་བྱས་འདུག
ཐེ་ཝན་གཞུང་གིས་ཨ་རིའི་མཚོ་དམག་གྲུ་གཟིངས་ཐེ་ཝན་མཚོ་འགག་ནས་བསྐྱོད་ཆོག་པར་རྒྱབ་སྐྱོར་ཡོད་པ་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་རེས་གཟའ་མིག་དམར་ཉིན་བརྗོད་ཞོར། རྒྱ་ནག་གཞུང་གིས་ཐབས་ཇུས་ལྡན་པའི་ཐོག་ནས་མཚོ་འགག་དེར་བདག་དབང་ཡོད་ཚུལ་བརྗོད་པར་ངོས་ལེན་བྱས་མེད་པ་རེད།
ལོ་ཤས་སྔོན་ནས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅིང་། ཕྱི་ཟླ་༥ ནང་ཨ་རིའི་སྲིད་འཛིན་འཇོ་སྦེཡེ་ཌན་མཆོག་ཉི་ཧོང་དུ་ཕེབས་སྐབས། ཨ་རིའི་ངོས་ནས་ཐེ་ཝན་དམག་འཐབ་ཀྱི་ལམ་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསུངས་པ་དེ་ནི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིས་རྒྱ་ནག་ཐོག་བཟུང་བའི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་པ་ཞིག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱས་ཡོད་པ་རེད།

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎