ཇར་མི་ནིའི་གཙོ་འཛིན་གྱིས་འབར་མར་འབོད་སྐུལ།
2011.06.02
༄༅༎དེ་རིང་ཇར་མ་ནིའི་གཙོ་འཛིན་ལྕམ་ཨེང་གེ་ལ་མར་ཀེལ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་ལ། འབར་མ་ཡུལ་གྱིས་གོང་ཞུས་ལྷན་ཚོགས་དེའི་རེ་སྐོར་ཚོགས་གཙོ་མ་བྱས་གོང༌། རྒྱལ་ཁབ་ཀྱི་ཆབ་སྲིད་དང་འགྲོ་བ་མིའི་དཀའ་ངལ་ཡོངས་རྫོགས་སེལ་ཐབས་བྱེད་དགོས་པའི་སྐོར་གྲོས་མོལ་གསང་པོ་གནང་དགོས་རྒྱུའི་འབོད་སྐུལ་གནང་འདུག།
སིང་ག་པོར་ནང་ཚུགས་བཞིན་པའི་ལྷན་ཚོགས་ཤིག་གི་ཐོག་ལྕམ་ཨེང་གེ་ལ་མར་ཀེལ་མཆོག་གིས་འབར་མའི་སྐོར་གྱི་གྲོས་མོལ་དང༌། རྒྱལ་ཁབ་དེས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་བྱ་རྒྱུའི་འདོད་པ་ཡོད་པ་དེ་ཚོར་ལྟ་སྐབས་ངོས་ལ་བློ་འཚབ་ཕྲན་བུ་ཡོང་གི་འདུག་ཅེས་གསུངས་བཞག།
ཡང་ལྕམ་མར་ཀེལ་མཆོག་གིས་གཞུང་གི་དཔོན་རིགས་དང་ཕྱི་འབྲེལ་དཔོན་རིགས། ཤེས་ལྡན་མི་སྣའི་འདུ་འཛོམས་ཤིག་ལ་གསུང་བཤད་གནང་སྐབས། ད་ལྟའི་འབར་མའི་གཞུང་འཛིན་འགོ་ཁྲིད་ཚོས་དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་བསམ་ཞིབ་ནན་པོ་བྱེད་ཀྱི་ཡོད་པའི་རྟགས་མཚན་གསལ་པོ་ཞིག་སྟོན་གྱི་མེད་སྐོར་གསུང་བཞག།
ཚོགས་མི་རྒྱལ་ཁབ་༡༠ཡོད་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་དེ་ཚོགས་ཞུགས་རྒྱལ་ཁབ་བཅུས་ལོ་རེ་བཞིན་རེ་མོས་གནང་དགོས་ཀྱི་ཡོད་སྟབས་ད་ལྟའི་སྐབས་ཀྱི་ཚོགས་གཙོ་ ཨིན་དྲོ་ནེ་ཤི་ཡ་ཡིནཔ་དང༌། ཕྱི་ལོ་༢༠༡༤ལོར་འབར་མས་ཚོགས་གཙོ་བྱ་རྒྱུའི་ནན་སྐུལ་བྱེད་བཞིན་ཡོད་པ་རེད། དེ་སྔོན་སྐབས་ཤིག་རྒྱལ་སྤྱི་ནས་འབར་མའི་ཐོག་ཡུལ་ནང་དམངས་གཙོའི་བཅོས་སྒྱུར་གཏོང་དགོས་པའི་གནོན་ཤུགས་སྐྱོན་པར་བརྟེན། ༢༠༠༦ལོར་འབར་མ་ལ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་བྱ་རྒྱུའི་གོ་སྐབས་ཐོབ་མེད་པ་རེད།