རྨ་ཆུ་རྫོང་དུ་བོད་མི་ཐོག་རྡུང་རྡེག་དང་ལག་ཁྱེར་ཁ་པར་སོགས་བཅགས་ཡོད་པ།


2016.04.08
མདོ་ལྷོ་རྨ་ཆུ་རྫོང་དུ་སྤྱི་ཕན་ལས་གནས་དངོས་བསྒྱུར་ཞུ་འབོད་སྐབས། ༢༠༡༦།༤།༨ མདོ་ལྷོ་རྨ་ཆུ་རྫོང་དུ་སྤྱི་ཕན་ལས་གནས་དངོས་བསྒྱུར་ཞུ་འབོད་སྐབས། ༢༠༡༦།༤།༨
བོད་འབྱོར།

དེ་རིང་མདོ་སྨད་རྨ་ཆུ་དང་འབྲེལ་བའི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་ཉེན་རྟོག་པས་ཕྱི་ཚེས་༨ཉིན་མདོ་སྨད་རྨ་ཆུ་རྫོང་དུ་བོད་རིགས་ལས་འགུལ་བ་ཁག་ལ་འཛིན་བཟུང་བྱས་པ་ཙམ་མ་ཡིན་པར་རྡུང་རྡེག་དང་ལག་ཁྱེར་ཁ་པར་སོགས་བཅགས་ཡོད་པའི་གནས་ཚུལ་འདུག ཞིབ་ཕྲ་གཤམ་ལ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་ཀུན་བཟང་བསྟན་འཛིན།

ཕྱི་ཚེས་༨ལ་སྥེལ་བའི་གནས་ཚུལ་གཤམ་ལ་གསན་གཟིགས་གནང་རོགས།

མདོ་སྨད་རྨ་ཆུ་རྫོང་དུ་བོད་མི་ཁག་གཅིག་གིས་སྤྱི་ཕན་ལས་གནས་དངོས་སུ་བསྒྱུར་དགོས་བའི་ཞུ་འབོད་ལས་འགུལ་སྤེལ་བར་འཇུ་བཟུང་བྱས་བ།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན་ལྟར་ན། དེ་རིང་ཕྱི་ཟླ་བཞི་པའི་ཚེས་༨ཉིན། མདོ་སྨད་མདོ་ལྷོ་རྨ་ཆུ་རྫོང་གི་བོད་རིགས་མཐར་ཕྱིན་སློབ་མ་ཁག་ཅིག་གིས་རྫོང་སྲིད་གཞུང་གི་ཀྲུང་གོའི་གུང་ཁྲན་ཏང་རྨ་ཆུ་རྫོང་ཨུ་ཡོན་ལྷན་ཁང་ཞེས་བའི་ལས་ཁུངས་མདུན་དུ། ཁོང་ཚོ་གང་བྱུང་ལས་གནས་ནས་ཕྱིར་འབུད་བྱས་པར་ཕྱི་ཡོང་སློབ་མར་སྔོན་འགོག་བྱས་ཏེ། སྤྱི་ཕན་ལས་གནས་དངོས་སུ་བསྒྱུར་དགོས། སྤྱི་ཕན་ལས་གནས་ཡོངས་ནས་ཅེས་དང་། ད་དུང་ཆབ་སྲིད་ལ་རྒྱབ་འགལ་བྱས་མེད་ཅེས་པའི་འཕྲེད་དར་བཟུང་སྟེ་ཞི་འབོད་ལས་འགུལ་སྤེལ་ཡོད་པ་རེད།
དེ་ནས་དུས་ཡུན་རིང་པོ་མ་ཕྱིན་པར་སློབ་མ་ཚོ་ཉེན་རྟོག་པས་འཇུ་བཟུང་གིས་བཀག་ཉར་ཁང་དུ་ཁྲིད་ཡོད་འདུག
ད་དུང་དེ་འབྲེལ་གྱི་ཡི་གེ་ཞིག་ཝེ་པོའོ་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་དྲ་རྒྱའི་ཐོག་ཡོངས་བསྒྲགས་བྱས་ཡོད་པའི་ནང་། ང་ཚོ་དང་དམིགས་ཡུལ་གཅིག་པའི་རྒྱ་ཆེའི་མང་ཚོགས་རྣམ་པ།
སྤྱི་ཕན་ལས་གནས་ལ་ཞུགས་པའི་སློབ་བུ་ང་ཚོ་ལས་གནས་ལ་ཞུགས་ཁུལ་ཙམ་བྱས་ཏེ་མི་ལོ་གསུམ་བཞིའི་རིང་ལ་གཞི་རིམ་གྱི་སྲིད་གཞུང་དང་། ད་དུང་ནགས་ལས་ལས་ཁུངས་སོགས་སུ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་བསྒྲུབས་མོད། འོན་ཀྱང་མི་ལོ་གསུམ་ལ་འབད་རྗེས་ང་ཚོ་ལ་འབྲས་བུ་ཅི་ཡང་མེད་པར་ལས་གནས་ནས་ཕྱིར་འབུད་དགོས་པའི་ཡིག་ཆ་ཁྱབ་བསྒྲགས་བྱེད་ཀྱིན་འདུག
ད་རུང་གོང་རིམ་གྱིས་ང་ཚོ་རང་རྫོང་གི་སློབ་མ་ཚོར་ཆུ་ཚད་མེད་ཚུལ་སོགས་མང་པོ་ཞིག་ལ་ཁ་གཡར་ནས་ཐག་གཅོད་ཡང་དག་ཅིག་བྱས་མ་མྱོང་། དངོས་ཡོད་གནས་ཚུལ་ལྟར་ན། གཅིག མི་བུ་རེ་གཉིས་ཀྱི་ཤེས་ཡོན་ཆུ་ཚད་སློབ་ཆུང་སློབ་མར་གཏོགས་མེད་མོད། སྒོར་མོའི་ངོ་སོ་དང་ལྟག་སྒོའི་བརྒྱུད་རིམ་ལ་བརྟེན་ནས་བྱ་བའི་ལས་གནས་ལ་ཞུགས་པ་དང་། གཉིས། ས་ཆ་གཞན་གྱི་མི་སྣ་ཡང་ལྟག་སྒོ་དང་ཐབས་ཇུས་ངན་པ་ལ་བསྟེན་ནས་བྱ་བའི་ལས་གནས་ལ་ཞུགས་པ། གསུམ བྱ་བའི་ལས་བགོས་ཐད་ཀྱི་ཡིག་རྒྱུགས་ལེན་པའི་སྐབས་མི་སྣ་བརྗེ་རེས་བྱས་ཏེ་བྱ་བའི་ལས་གནས་ལ་ཞུགས་པ། དེའི་ཕྱིར་ང་ཚོ་ཚང་མས་གོང་རིམ་ལ་ཚུལ་དང་མཐུན་པའི་རེ་ཞུ་བྱེད་གི་ཡོད། ཁྱེད་ཚོ་ཚང་མས་ང་ཚོར་རྒྱབ་སྐྱོར་རེ་གནང་བར་ཞུ་ཞེས་འཁོད་འདུག
ས་གནས་བོད་མི་ཞིག་གིས་བརྗོད་པར་གཞིགས་ན། རྨ་ཆུ་ས་གནས་ནང་ས་ཕྱོགས་གཞན་ནས་ཡོང་མཁན་གྱི་མི་ཧ་ཅང་མང་པོ་ཡོད་པ་དང་། ས་གནས་ཀྱི་སློབ་ཕྲུག་སློབ་གྲ་ཐོན་པའི་རྗེས་ལས་ཀ་མི་རག་པའི་དཀའ་ངལ་དེ་སྔོན་ནས་ཡོད་མུས་ཡིན་པའི་སྐོར་བརྗོད་འདུག    
དེའི་ཐད་འདི་གའི་གསར་འགོད་པ་བློ་བྷེ་ཡིས་གནས་ཚུལ་བཏང་བ་ལྟར་ན། ཞུ་འབོད་ལས་འགུལ་སྐབས་སུ་ཕལ་ཆེར་མི་གྲངས་༡༦ཙམ་ཡོད་པ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད་འདུག།
རྨ་ཆུ་རྫོང་ནི་ཀན་ལྷོ་ཁུལ་གྱི་ལྷོ་ནུབ་རྒྱུད་དང་མཚོ་བོད་མཐོ་སྒང་གི་ཤར་སྣེ། ཀན་སུའུ་དང་སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་བཅས་སུ་ཆགས་ཤིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུབ་བཞི་མ་༡༠༡༩༠་དང་། མི་གྲངས་ཁྲི་6ལ་ཉེ་བ་ཡོད། ཤར་བྱང་ཕྱོགས་ནི་ཀླུ་ཆུ་རྫོང་དང་། ཤར་ལྷོ་ཕྱོགས་ནི་སི་ཁྲོན་རྔ་བ་དང་མཛོད་དགེ་གཉིས་དང་འབྲེལ་ཡོད་ལ། རྫོང་འདིར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་། མདོ་སྨད་ཕྱོགས་སུ་སྐད་གྲགས་ཡོད་པའི་རྟ་རྒྱུག་དུས་ཆེན་གཏོང་སྲོལ་ཡོད།

གསར་འགོད་པ་ཀླུ་འབུམ་དང་འཆི་མེད།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎