འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་མཆོད་འབུལ་ཆེན་མོ།


2017.10.20
འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་མཆོད་འབུལ་ཆེན་མོ། མཛད་སྒོའི་སྐབས་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག
དབུས་བོད་མིའི་སྒྲིག་འཛུགས།

༄༅།    །རྒྱ་གར་གྱི་ཨུཏྟརཱ་ཁནྜ་(Uttarakhand)མངའ་སྡེའི་རྒྱལ་ས་དེཧ་རཱ་དཱུན་(Dehradun)དུ་རྫོགས་པའི་སངས་རྒྱས་འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་ཆེན་མོ་འཚོགས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་མཛད་སྒོར་གསུང་བཤད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ ༡༠ ཚེས ༡༩ ཉིན་གྱི་སྔ་དྲོར་རྒྱ་གར་དེཧ་རཱ་དཱུན་དུ་རྫོགས་པའི་སངས་རྒྱས་འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་ཆེན་མོའི་མཛད་སྒོའི་སྐབས།   མཁན་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་གིས་རྫོགས་པའི་སངས་རྒྱས་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་རྣམ་ཐར་སྙིང་བསྡུས་དང་སྦྲགས། ནུབ་པ་རིན་པོ་ཆེ་མཆོག་གིས་བརྒྱད་བརྒྱའི་རྗེས་དྲན་གྱི་བྱུང་རིམ་ངོ་སྤྲོད་གནང་གྲུབ་རྗེས། སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་ཡོད་པ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་གསུང་བཤད་གནང་ཡོད་པ་རེད། དེ་ཡང་སྲིད་སྐྱོང་མཆོག་གིས།   འདས་པའི་ལོ་ངོ༨༠༠འི་རིང་བསྟན་པ་འདི་ཉིད་ཀྱིས་འགྲོ་བ་གྲངས་ལས་འདས་པར་ཕན་ཐོགས་དང་འཛམ་གླིང་ཞི་བདེ་བསྐྲུན་ཆེད་ཞབས་འདེགས་བསྒྲུབས་དང་སྒྲུབ་མུས་ཡིན་པར་བརྟེན། འབྱུང་འགྱུར་ལོ་ངོ ༨༠༠འི་རིང་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་འདི་ཉིད་མུ་མཐུད་ནས་གནས་ཐུབ་རྒྱུ་དང་། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་སྐུའི་ཕྲེང་བ་བར་མ་ཆད་པར་བྱོན་ནས་བསྟན་པའི་བྱ་བ་མུ་མཐུད་བདག་གིར་བཞེས་ཐུབ་ཆེད་བཀའ་ཤག་དང་ང་རང་སྒེར་ངོས་ནས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་སོགས་གསུང་བཤད་གྲུབ་མཚམས་སུ། སྐུ་མགྲོན་གཙོ་བོ་རྒྱ་གར་ཨུཏྟརཱ་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་གསུང་བཤད་གནང་འདུག
སྤྱིར་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གདན་འདྲེན་ཞུས་ཡོད་ཀྱང་དངོས་སུ་ཕེབས་མ་ཐུབ་པར་བརྟེན་བརྙན་འཕྲིན་བརྒྱུད་བཀའ་སློབ་གནང་འདུག

ཐེངས་འདིའི་རྫོགས་པའི་སངས་རྒྱས་འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་ཆེན་མོའི་མཛད་སྒོ་དེ་བཞིན་ཚེས ༡༩ ནས ༢༥ བར་འཚོགས་རྒྱུ་ཡིན་ཞིང་།  ཕྱི་རྒྱལ་ཡུལ་གྲུ་འདྲ་མིན ༨༠འི་ཆོས་ཚོགས ༡༨༡ ནས་འཐུས་མི་ ༢༥༠༠ ཕེབས་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎