རྒྱ་ནག་གི་འབྲེལ་ཡོད་ཚན་པས་ལྷ་སར་དཔལ་ལྷའི་དུས་ཆེན་ཚོགས་མི་ཆོག་པ་བསྒྲགས་འདུག
བོད་ཟླ་༡༠་ཚེས་༡༥་ཉིན་དེ་ལོ་ལྟར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ། དཔལ་ལྷའི་དུས་ཆེན་ཞེས་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་། ད་ལོ་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མི་འགྲོ་བའི་ཆེད་དང་། དེ་བཞིན་རྒྱ་ནག་པེ་ཅིན་དུ་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་སོགས་ལ་གྲྭ་སྒྲིག་དགོས་སྐོར་བརྗོད་ནས། དཔལ་ལྷའི་དུས་ཆེན་གྱི་གསོལ་མཆོད་བྱེད་སྒོ་ཚོགས་རྒྱུ་མིན་པ་བསྒྲགས་འདུག དེའི་ཐད་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས། སྤྱིར་ལྷ་ས་གཙོས་བོད་ནང་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ཁག་དེ་ཙམ་མེད་ཀྱང་། འདི་ལོ་རྒྱ་ནག་གཞུང་གིས་རིམས་ནད་ལ་ཁ་གཡར་ནས་བོད་ཁུལ་གྱི་དམངས་ཁྲོད་བྱེད་སྒོ་མང་པོ་ཞིག་བཀག་འགོག་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དཔལ་ལྷའི་གསོལ་མཆོད་ནི་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དང་། རྨེ་རུ་དགོན། དེ་བཞིན་ཚལ་གུང་ཐང་དགོན་བཅས་སུ་དཔལ་ལྷའི་རི་ཁྲོད་གསོལ་མཆོད་ཀྱི་དུས་སྟོན་ཞེས། ལྷ་ས་ཁུལ་གྱི་དད་ལྡན་མི་མང་ནས་འདུ་འཛོམས་དང་བསང་གསོལ་སོགས་རྒྱ་ཆེར་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་བཙོན་ཟུར་གྲྭ་ངག་དབང་འོད་འབར་ལགས་ནས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་བོད་ནང་གི་བྱེད་སྒོ་ཁག་མང་པོ་ཞིག་ཏོག་དབྱིབས་རིམསས་ནད་ལ་ཁ་གཡར་ནས་མི་མང་གི་འདུ་འཛོམས་དང་ཆོས་ལུགས་བྱེད་སྒོ་ཁག་ལ་བཀག་སྡོམ་བྱེད་བཞིན་ཡོད་ན་ཡང་། གནད་དོན་གཙོ་བོ་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་ལ་ཉེ་བ་དང་བསྟུན་མི་མང་གི་ཟིང་འཁྲུག་རིགས་མི་ཡོང་བའི་ཆེད་དམིགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱིར་ད་ལོ་དཔལ་ལྷའི་དུས་ཆེན་ཙམ་མ་ཡིན་པར་རྒྱ་ནག་གཞུང་གིས་རིམས་ནད་སྔོན་འགོག་གི་རྒྱུ་མཚན་བཤད་ནས། བོད་ནང་གི་ཞོ་སྟོན་དང་མི་མང་གི་དབྱར་སྟོན། རྟ་རྒྱུག་དུས་ཆེན་རིགས་ལ་བཀག་བསྡོམས་བྱས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་༨་ནང་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་༧༠་འཁོར་བ་ཟེར་བའི་དུས་དྲན་དེ་བོད་ཀྱི་རྒྱལ་ས་ལྷ་སར་གཟབ་རྒྱས་ངང་ཚོགས་ཡོད་པ་རེད་ལ། ངག་དབང་འོད་འབར་ལགས་ཀྱིས་ད་ལྟའི་ཆར་ལྷ་ས་ཁུལ་དུ་ཏོག་དབྱིབས་རིམས་ནད་ཐད་དཀའ་ཁག་གང་ཡང་མེད་པ་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་ཐུབ་པ་ཞིག་ཡིན་ན་ཡང་། ཆོས་ལུགས་དང་དམངས་ཁྲོད་ཀྱི་བྱེད་སྒོ་དང་བོད་མི་འདུ་འཛོམས་དེ་རིགས་རྒྱ་ནག་གཞུང་ནམ་རྒྱུན་འཇིགས་སྐྲག་བྱེད་ས་དང་། ལག་པ་འཆང་ས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པས་རེད་ཟེར།
ཐེངས་འདིར་རྒྱ་ནག་གཞུང་ངོས་ནས་དེ་འབྲེལ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་ལམ་རྒྱ་ནག་ནང་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་པ་དང་། ལྷག་པར་པེ་ཅིན་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་གྲབས་ཡོད་སྟབས། འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཁག་ལ་སྲིད་གཞུང་གི་ལམ་སྟོན་བཞིན་ཚོད་འཛིན་ནན་པོ་བྱ་དགོས་པ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་དང་དགོན་པ་ཁག་གིས་ཞིབ་མཇུག་དང་བསམ་བློ་ཞིབ་མོ་བཏང་སྟེ། ཕྱི་ལོ་༢༠༢༡་ལོའི་དཔལ་ལྷའི་གསོལ་མཆོད་དུས་སྟོན་མཚམས་འཇོག་བྱ་རྒྱུ་བྱས་ཡོད་སྐོར་བཀོད་འདུག
ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་རྒྱལ་ཡོངས་སུ་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་༨་དང་ཉེན་ཁ་འབྲིང་བའི་ས་ཁུལ་༤༤་ཡོད་བཀོད་ཡོད་ན་ཡང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་དུ་ཏོག་དབྱིབས་རིམས་ནད་ཐོན་ཡོད་པའི་གནས་ཚུལ་དང་གྲངས་ཐོ་རིགས་གང་ཡང་མེད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།