ལྷ་སའི་ཁྱིམ་སྡོད་བཀག་རྒྱ་དང་དམ་དྲག་བཀག་སྡོམ་ལ་ངོ་རྒོལ་མུ་མཐུད་དུ་བྱས་འདུག
བོད་ཀྱི་རྒྱལ་ས་ལྷ་ས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། ཕྱི་ཟླ་༡༠ཚེས་༢༧ཉིན་ངོ་རྒོལ་མུ་མཐུད་དུ་བྱུང་འདུག་པ་མ་ཟད། ལྕགས་རོང་དང་བརྒྱད་ཅིག་(ཀུའང་ཡེ)་ལྷ་ཀླུ་སོགས་ས་ཁུལ་མི་འདྲ་བ་བཞི་ཙམ་གྱི་ནང་བྱུང་ཡོད་འདུག
ལྷ་སའི་ནང་གནས་སྡོད་མཁན་ཁ་ཤས་ལ་ངོ་རྒོལ་སྐོར་སྐད་ཆ་དྲིས་སྐབས། ཁོང་ཚོས་འདིའི་སྐོར་ཤོད་རྒྱུར་ཞེད་སྣང་བྱེད་བཞིན་འདུག འོན་ཀྱང་ཕྱི་ཚེས་༢༧ཉིན་ངོ་རྒོལ་མུ་མཐུད་དུ་བྱུང་བ་མ་ཟད། ཕན་ཚུན་ལག་འཛིང་བྱུང་བའི་སྐོར་ཡང་བརྗོད་བྱུང་། ལག་འཛིང་དེ་ཉེན་རྟོག་པ་དང་ངོ་རྒོལ་བ་ཚོའི་བར་བྱུང་བ་ཡིན་མིན་སྐད་ཆ་དྲིས་སྐབས་ལན་རྒྱབ་མ་བྱུང་།
ཕྱི་ཚེས་༢༧ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་འབྱོར་བའི་བརྙན་ཐུང་ཞིག་གི་ནང་། ངོ་རྒོལ་བ་ཁག་ཅིག་གིས་ལྕགས་སྒོ་ཞིག་འབུད་རྒྱག་རྒྱབ་པ་མཐོང་རྒྱུ་འདུག་ལ། ཕྱི་ཚེས་༢༦ཉིན་ཐོན་པའི་བརྙན་ཐུང་ཞིག་གི་ནང་། ཉེན་རྟོག་ལས་ཁུངས་ནས་ཡིན་ཟེར་བའི་མི་ཞིག་གིས་ངོ་རྒོལ་བ་ཚོར། ཉེན་རྟོག་ཚན་པའི་ལས་ཀར་འགོག་རྐྱེན་མ་བཟོ་རོགས། མི་ཚོགས་འདི་ལྟ་བུ་འཛོམས་ཚེ་ཕན་ཚུན་ན་ཚ་ཡང་འགོས་སྲིད་པ་མ་ཟད། མི་སུ་ཡང་ལོག་ཐུབ་ཀྱི་མ་རེད། ཁྱེད་ཚོའི་དཀའ་ངལ་སྐོར་གོང་རིམ་ལ་སྙན་སེང་ཞུས་ཟིན་པ་ཡིན། འདིར་འདུ་འཛོམས་མ་བྱེད་རོགས་ཞེས་འབོད་སྐུལ་བྱེད་བཞིན་པ་མཐོང་རྒྱུ་འདུག་ཅིང་། བརྙན་ཐུང་དེའི་ནང་ངོ་རྒོལ་བ་ཚོས། ང་ཚོར་ཟ་རྒྱུ་མེད། གནད་དོན་གང་ཡང་མེད་པར་ནང་ལ་བཅུག་བཞག་ན་འགྲིག་གི་རེད་དམ། ང་ཚོས་གོང་རིམ་ལ་འབྲེལ་ཡོད་ཀྱི་གནས་ཚུལ་སྙན་སེང་ཞུས་ཟིན་པ་ཡིན་ཞེས་བརྗོད་པའི་སྐད་སྒྲ་ཡང་གོ་རྒྱུ་འདུག
བོད་ཀྱི་རྒྱལ་ས་ལྷ་སར་འདས་པའི་ཟླ་བ་གཉིས་ལྷག་རིང་ཏོག་དབྱིབས་རིམས་ནད་འགོག་ཐབས་ཀྱི་མིང་གི་ཐོག་ནས་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་། ལྷ་ས་གཙོས་དེ་མིན་བོད་རང་སྐྱོངས་ལྗོངས་ཟེར་བའི་ས་གནས་འདྲ་མིན་ནང་གི་མི་མང་པོས་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་དང་ཞུ་འབོད་ཀྱི་བརྙན་ཐུང་མང་པོ་ཐོན་ཡོད་པ་རེད། འདི་ནི་བོད་མི་ཙམ་མ་ཡིན་པར་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་ཉིན་གླར་བརྟེན་མཁན་གྱི་རྒྱ་མི་ལས་ཀ་བ་མང་པོ་ཞིག་ལ་ལས་ཀ་མེད་པ་དང་། གླ་ཕོག་མེད་པ། འཚོ་བའི་མཐུན་རྐྱེན་སྦྱར་མ་ཐུབ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་དེ་དག་བྱུང་ཡུལ་ནི་ཕྱི་ཕྱོགས་ནས་ཡོང་བའི་རྒྱ་མི་འབོར་ཆེ་གནས་སྡོད་བྱ་ཡུལ་ཡིན་པ་ལྷ་སར་རྒྱུས་མངའ་ཆེན་པོ་ཡོད་མཁན་ཚོས་བརྗོད་བྱུང་ལ། ལྷ་སར་གནས་སྡོད་བྱེད་མཁན་མི་གཞན་ཞིག་གིས། ད་རེས་ཀྱི་ངོ་རྒོལ་ལས་འགུལ་འདིའི་ནང་ལྷ་སའི་བོད་མི་མི་དང་ཕྱི་ཕྱོགས་ནས་ཡོང་བའི་བོད་མི། དེ་བཞིན་”བློ་མཐུན་”ཞེས་རྒྱ་མི་ཡང་ཧ་ཅང་མང་པོ་ཡོད་པ་བརྗོད་བྱུང་།
ངོ་རྒོལ་གྱི་གནས་ཚུལ་འདི་རིགས་བོད་ཀྱི་རྒྱལ་ལྷ་སར་བྱུང་བ་ནི་ཧ་ཅང་དཀོན་པོ་ཡིན་ཞིང་། ༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་བ་ནས་བཟུང་བྱུང་མྱོང་མེད་པ་ཞིག་ཡིན་པ་རེད།
དམར་ཤོག་ཏང་གི་ཚོགས་ཆེན་གྲོལ་རྗེས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས། ལྷ་ས་གཙོས་ས་ཁུལ་གཞན་ཁག་ནང་དམ་དྲག་ཆུང་དུ་གཏོང་རྒྱུ་ཡིན་སྐོར་བརྡ་ཐོ་ཞིག་བཏང་ཡོད་ཀྱང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཚེས་༢༦ཉིན་ངོ་རྒོལ་གྱི་གནས་ཚུལ་བྱུང་རྗེས་ས་ཁུལ་སོ་སོའི་ཨུ་ཡོན་ལྷན་ཁང་གི་མི་སྣས་ཕྱི་ཕྱོགས་ལ་འགྲོ་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག
ཐེངས་འདིའི་ངོ་རྒོལ་སྐབས་རྒྱ་མི་ཧ་ཅང་མང་པོ་འཛོམས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠པ་མཇུག་བསྒྲིལ་མ་ཐག་བྱུང་བ་ཞིག་ཡིན་ཞིང་། ད་བར་ཉེན་རྟོག་པས་ངོ་རྒོལ་བ་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་མི་འདུག་ལ། དྲག་པོའི་ཐོག་ནས་ངོ་རྒོལ་འདུ་འཛོམས་ཞི་འཇགས་བཏང་བའི་སྐོར་ཡང་གང་ཡང་གོ་རྒྱུ་མི་འདུག
ངོ་རྒོལ་གྱི་གནས་ཚུལ་འདི་ཏོག་དབྱིབས་རིམ་ནད་ཁྱབ་གདལ་སྐབས་དམ་དྲག་ཆེ་དྲགས་པའི་དབང་གིས་ཡིན་ན་ཡང་། ལྷ་ས་དང་དེ་མིན་གྱི་ས་ཁུལ་ནས་ནད་ཡམས་འགོས་ཡོད་མེད་དབྱེ་མེད་ཀྱིས་བོད་མི་མང་པོ་ཞིག་ས་གནས་གཞན་དུ་བཙན་ཁྲིད་མུ་མཐུད་བྱེད་བཞིན་ཡོད་པ་བོད་ནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ལྷ་སའི་རྒྱ་ནག་གི་དབང་འཛིན་པ་ཚོས་ཕྱི་ཕྱོགས་ནས་ཡོང་བའི་རྒྱ་མི་རྒྱ་ནག་ཏུ་ཕྱིར་ལོག་བྱེད་འདོད་པ་ཚོར་ཆོག་མཆན་སྤྲོད་རྒྱུའི་ཞུ་སྙན་ལ་བདག་སྤྲོད་བྱེད་རྒྱུ་ཡིན་ལུགས་བརྗོད་དེ། ངོ་རྒོལ་མཇུག་སྒྲིལ་ཡོད་པ་བརྗོད་མཁན་འདུག་ཀྱང་། བདེན་པ་ཡིན་མིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མུ་མཐུད་དུ་གནས་ཚུལ་རྩད་གཅོད་བྱེད་མུས་ཡིན།
གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།