མཁན་པོས་བཀག་ཉར་ཁང་ནས་འཕྲིན་ཡིག་བསྐུར་འདུག
2014.01.03
མཁན་པོ་ཀརྨ་ཚེ་དབང་གིས་འཕྲིན་ཡིག་བསྐུར་ནས་མང་ཚོགས་ཚོར་དཀའ་ངལ་འཕྲད་པའི་ལས་དོན་རིགས་མི་སྤེལ་རྒྱུའི་སྐུལ་མ་གནང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ནང་ཆེན་ཁུལ་དུ་ཡོད་པའི་བཀའ་རྒྱུད་ཇ་པ་དགོན་པའི་དགེ་འདུན་པ་དང་། ས་གནས་མི་མང་ཚོས་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་བསྡད་ཡོིད་པའི་མཁན་པོ་ཀར་ཚེ་འམ་མཁན་པོ་ཀརྨ་ཚེ་དབང་ལགས་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ནས་ཞི་རྒོལ་གྱི་ལས་འགུལ་སྤེལ་རྗེས། མཁན་པོ་ཀརྨ་ཚེ་དབང་ལགས་ཀྱིས་ཆབ་མདོའི་ཉེན་རྟོག་བཀག་ཉར་ཁང་ནས་དགོན་པའི་དགེ་འདུན་པ་དང་། ས་གནས་མང་ཚོགས་ཚོར་འབོད་སྐུལ་ཡི་གེ་ཞིག་བསྐུར་གནང་ཡོད་པ་དང། ཕྱག་བྲིས་ནང་ད་ལྟ་ཁོང་ཆབ་མདོའི་ནཀག་ཉར་ཁང་ན་ཡོད། རྡུང་རྡེག་དང་ནད་སྐྱོན་སོཌ་གང་ཡང་མེད་པས་དགོན་སྡེ་གྲ་ཚང་དང་། མི་སྡེ་ཡོངས་ལ་སེམས་ཁུར་ཆེན་པོ་མི་བྱེད་རྒྱུའི་རེ་བ་ཞུ། ཁྱད་པར་དུ་དགོན་པའི་བཤད་སྒྲུབ་ཀྱི་བྱ་བ་དང་། མི་སྡེའི་རྒྱུན་ལྟར་གྱི་འཚོ་བ་རྒྱུན་འཁྱོངས་གནང་རྒྱུ་ནི་ཕུགས་རྒྱང་རིང་པོའི་མདུན་ལམ་ཡིན་པས་ངོས་རང་གི་ཆེད་དུ་མི་གཅིག་ཀྱང་དཀའ་ངལ་མི་འཕྲད་པ་གནང་རོགས་ཞེས་རེ་བ་ནན་མོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
མཁན་པོ་ཀརྨ་ཚེ་དབང་ལགས་ནི་ཁམས་ཁུལ་དང་། དམིགས་བསལ་ནང་ཆེན་ཁུལ་དུ་བོད་ཀྱི་རིག་གནས་དང་ཆོས་ལུགས་ལས་དོན་ཐད་ཕྱག་ལས་མང་པོ་གནང་མཁན་དང་། དེ་སྔོན་ཡུལ་ཤུལ་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་མཁན་པོས་སྣེ་ཁྲིད་པའི་དགོན་པའི་དགེ་འདུན་ཚོས་རོགས་སྐྱོར་ལས་དོན་ཤུགས་ཆེ་སྤེལ་གནང་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས་བརྗོད་དོན། མཁན་པོ་ཁོང་སྤྱི་ལོ་༢༠༡༣ལོའི་ཟླ་༡༢་ཚེས་༦གི་མཚན་མོ་ཆབ་མདོའི་ཉེན་རྟོག་པས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུ་ནས་འཛིན་བཟུང་བྱས་ཡོད་པ་དང་། ཉེ་སྔོན་ཇ་པ་དགོན་པའི་དགེ་འདུན་པས་སྣེ་ཁྲིད་པའི་མང་ཚོགས་ཚོས་མཁན་པོ་གློད་དགོས་པའི་ཞི་རྒོལ་བྱེད་བཞིན་ནང་ཆེན་རྫོང་དུ་བསྐྱོད་སྐབས། ལམ་བར་རྫོང་དཔོན་དང་རྫོང་དཔོན་གཞོན་པས་བཀག་ནས་མཁན་པོ་ཀརྨ་ཚེ་དབང་གི་གནད་དོན་དེ་དེ་སྔོན་ཀརྨ་དགོན་པའི་ནང་འབར་རྫས་ཀྱི་དོན་རྐྱེན་བྱུང་བའི་སྐབས། ཀརྨ་དགོན་པའི་དགེ་འདུན་མང་པོ་ལ་རྒྱབ་ནས་ཇ་པ་དགོན་པའི་ནང་བྲོས་ཡོང་སྐབས་མཁན་པོས་མི་དེ་དག་ལ་སྦས་ནས་ཉེན་ཡོལ་བྱེད་བཅུག་ཡོད་པས་མཁན་པོ་ཀརྨ་ཚེ་དབང་གི་གནད་དོན་དེ་ང་ཚོས་ཐག་གཅོད་ཐུབ་ཐབས་མེད་པ་དང་། གལ་སྲིད་མུ་མཐུད་དེ་ལྟར་བྱས་ཚེས་གནད་དོན་མི་ལེགས་པ་འབྱུང་ངེས་བ་སོགས་ངོ་སྤྲོད་བྱས་ནས་འགོག་ཐབས་བྱས། འོན་ཀྱང་ཉིན་གསུམ་གྱི་རྗེས་སུ་གོམ་བགྲོད་ནང་མཉམ་བཞུཌ་གནང་མཁན་སྐྱ་སེར་མི་གྲངས་༡༦་ཙམ་རྒྱ་མིས་བཀག་ཉར་བྱས་བ་སོཌ་ཀྱི་དོན་རྐྱེན་བྱུང་ཡོད།
གསར་འགོད་པ་འཆི་མེད།