རྡོ་རྗེ་གདན་དུ་ལ་དྭགས་བྱམས་སྨོན་ཆེན་མོའི་སྨོན་ལམ་སྐབས་དང་པོ་འཚོགས་བཞིན་འདུག

འདི་ལོ་ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། ཉིན་གསུམ་རིང་གསུང་ཆོས་སྩལ་བ་དང་སྟབས་བསྟུན་ལ་དྭགས་མངའ་རི་ནང་ཆོས་རིགས་ལམ་སློབ་གཉེར་ཁང་གི་གོ་སྒྲིག་ཐོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་ཉེ་འདབས་སུ་འདི་ཚེས་༦ནས་༡༥བར་ཉིན་གྲངས་བཅུའི་རིང་ལ་དྭགས་བྱམས་སྨོན་ཆེན་མོའི་སྨོན་ལམ་སྐབས་དང་པོ་ཚོགས་བཞིན་འདུག
ད་རེས་གནས་མཆོག་རྡོ་རྗེ་གདན་དུ་ལ་དྭགས་བྱམས་སྨོན་ཆེན་མོའི་སྨོན་ལམ་ཚོགས་དགོས་པའི་དམིགས་ཡུལ་སྐོར་ལ་དྭགས་མངའ་རི་ནང་ཆོས་རིགས་ལམ་སློབ་གཉེར་ཁང་གི་དྲུང་ཆེ་དགེ་བཤེས་ངག་དབང་ཡེ་ཤེས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པར། ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་ལོ་ལྟར་བཞིན་བོད་པའི་ཆོས་བརྒྱུད་རིས་མེད་ནས་འཛམ་གླིང་ཞི་བདེའི་ཆེད་དུ་སྨོན་ལམ་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ལ་དྭགས་མི་མང་ཚོ་སྨོན་ལམ་ཚང་མའི་ནང་མཉམ་ཞུགས་གནང་བཞིན་ཡོད་ན་ཡང་ལ་དྭགས་པ་རང་གི་ངོས་ནས་ད་བར་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ཞི་བདེའི་ཆེད་དུ་སྨོན་ལམ་ཞིག་གོ་སྒྲིག་ཞུ་ཐུབ་མེད་སྟབས། ད་ལན་ལ་དྭགས་མི་མང་ཡོང་གི་མངོན་འདོད་དང་རེ་སྐུལ་ཞུས་པ་བཞིན་སྨོན་ལམ་དེ་ཚོགས་པ་ཞིག་ཡིན་པ་གསུངས་བྱུང་།
ཐེངས་འདིའི་སྨོན་ལམ་གྱི་ཚོགས་མགོན་དུ་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་དང་། གནས་ཆུང་སྐུ་རྟེན་མཆོག མོན་རྟ་དབང་ནས་ལྷ་རྒྱ་རི་རིན་པོ་ཆེ་མཆོག བཟོད་པ་རིན་པོ་ཆེ་མཆོག་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག གཞན་བླ་ཆེན་ཁག་མང་པོ་ཞིག་ནས་ཉིན་རེ་བཞིན་ཚོགས་མགོན་དུ་ཕེབས་ཡོད་པ་མ་ཟད་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་ཀྱང་ཆེ་ཕེབས་གནང་ཡོད་འདུག
སྤྱིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དད་ལྡན་པ་ཡོང་ལ་ཐུགས་བརྩེ་བ་ཆེན་པོ་དང་། ལྷག་པར་དུ་༧གོང་ས་མཆོག་དང་ལ་དྭགས་མི་མང་བར་དམིགས་གསལ་གྱི་འབྲེལ་བ་དང་དམ་ཚིག་ཡོད་པ་བཞིན་ལ་དྭགས་མི་མང་ཚོས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གྱི་དད་པ་དང་ཡིད་ཆེད་ཡོད་པ་གསུངས་བྱུང་།
ཐེངས་འདིའི་ལ་དྭགས་བྱམས་སྨོན་ཆེན་མོའི་སྨོན་ལམ་ཐོག་སྨོན་ལམ་གཙོ་བོ་རྒྱལ་བ་བྱམས་པ་མགོན་པོའི་སྨོན་ལམ་གསོག་སྒྲུབ་གནང་རྒྱུ་དང་། དེ་དང་མཉམ་དུ་ཉེ་ཆར་སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་དམ་པ་ཁོང་གི་སྐུའི་ཡང་སྲིད་མྱུར་དུ་ཕེབས་པའི་ཆེད་དུ་མྱུར་འབྱོན་གསོལ་འདེབས་གསོག་སྒྲུབ་གནང་བཞིན་ཡོད་པ་དང་། ད་རེས་ཀྱི་སྨོན་ལམ་ཐོག་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་པ་ཁག་གཅིག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ལ་དྭགས་ནས་ཁྱོན་དད་ལྡན་པ་༣༠༠༠ལྷག་མཉམ་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།