སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་དབྱར་དུས་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག

2024.04.17
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་དབྱར་དུས་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ཡུལ་དུ་ཁྲིག་སེ་རིན་པོ་ཆེ་དང་ལྷན་དུ། ༠༧།༡༡།༢༠༢༣
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཡུལ་གྱི་བླ་ཆེན་ཁྲིག་སེ་རིན་པོ་ཆེ་གཙོས་ལ་དྭགས་ནང་པའི་ཚོགས་འདུ་དང་། དགོན་པ་ཚོགས་འདུ། དེ་བཞིན་ལ་དྭགས་ཟངས་དཀར་ནང་པའི་ཚོགས་འདུ། གར་ཤ་དགོན་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། མགོན་པོ་མཆོག་འདི་ལོ་སྤྱི་ལོ་༢༠༢༤ལོའི་དབྱར་དུས་ལ་དྭགས་ཡུལ་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལ་དྭགས་ཡུལ་མི་དང་ས་གནས་སུ་གནས་སྡོད་བོད་མི་ཁག་ཅིག་ལ་སེམས་ཚོར་དྲིས་སྐབས། ཚེ་དབང་ནོར་བུ་ལགས་ཀྱིས་ལ་དྭགས་ལ་སྐྱིད་པའི་ཉི་མ་ཤར་བ་དང་གཅིག་པ་རེད། ༧གོང་ས་མཆོག་ལ་དྭགས་ཡུལ་དུ་དངོས་སུ་ཕེབས་ནས་བཀའ་དབང་བཀའ་ཆོས་སྩལ་བ་ནི་ང་ཚོའི་བསོད་ནམས་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་བྱུང་།
ཡང་ཟངས་དཀར་ནས་ཡིན་པའི་བཙུན་མ་པདྨ་བདེ་ཆེན་ལགས་ཀྱིས། ༧གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དགུང་ལོ་མཐོ་པོར་ཕེབས་ན་ཡང་ལ་དྭགས་ཟངས་དཀར་ཡུལ་ལུང་ཆུང་ཆུང་འདིར་དངོས་སུ་ཕེབས་རྒྱུ་ཡིན་པ་ནི་ང་ཚོ་ཚང་མའི་བསོད་ནམས་རེད། སྐུ་མདུན་ཁོང་ཕེབས་དུས་མི་ཚང་མ་དད་པའི་དབང་གིས་ཞི་བདེ་ཅན་ཞིག་ལ་གྱུར་གྱི་འདུག་གསུངས་བྱུང་།
ལ་དྭགས་གནས་སྡོད་བོད་མི་ཤེས་རབ་ཆོས་སྐྱིད་ལགས་ཀྱིས། ༧གོང་ས་མཆོག་ལ་དྭགས་ས་གནས་སུ་ཕེབས་དུས་ང་ཚོའི་སེམས་པ་དགའ་སྤོབས་ཆེན་པོ་དང་སྐྱིད་པོ་ཡོང་གི་འདུག མ་ཟད་ཁོར་ཡུག་དང་གནམ་གཤིས་ཡང་གཙང་མ་དང་སྐྱིད་པོ་ཡོང་གི་འདུག་ཟེར།
ཚེ་རིང་སྒྲོལ་མ་ལགས་ཀྱིས། ༧གོང་ས་མཆོག་ལ་དྭགས་ཡུལ་གྱི་ཕྱི་པ་དང་ནང་པ་ཚང་མས་བརྩི་བཞིན་པ་རེད། དེ་བས་མགོན་པོ་མཆོག་ས་གནས་སུ་ཕེབས་པ་ཙམ་གྱིས་ནང་སེམས་ཀྱི་ཡར་རྒྱས་ཐོག་ཕན་ཐོགས་ཡོད་པ་གསུངས་བྱུང་།
ཡང་ལ་དྭགས་གནས་སྡོད་ཤེས་རབ་ཆོས་སྐྱིད་ལགས་ཀྱིས། ༧གོང་ས་མཆོག་ལ་དྭགས་ས་གནས་སུ་ཕེབས་དུས་ས་གནས་འདིའི་ནང་གི་ཆོས་དང་རིག་གཞུང་ཐད་ཡར་རྒྱས་ཕན་ཐོགས་ཡོད་པ་མ་ཟད། ཚོང་ལས་དཔལ་འབྱོར་ཐོག་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་བཞིན་པ་གསུངས་བྱུང་།
དགའ་ལྡན་ཕོ་བྲང་ནས་ཁྲིག་སེ་རིན་པོ་ཆེ་ལ་ཕྱག་བྲིས་ཤིག་བསྩལ་ཡོད་པའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་སྤྱི་ལོ་༢༠༢༤་ལོའི་ཕྱི་ཟླ་བདུན་པའི་ནང་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་འཁོད་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎