༧གོང་ས་མཆོག་ལ་དྭགས་ས་གནས་སུ་ཚེས་བཅུ་གཅིག་ཉིན་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག

2023.07.10
༧གོང་ས་མཆོག་ལ་དྭགས་ས་གནས་སུ་ཚེས་བཅུ་གཅིག་ཉིན་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་ལྡི་ལིར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་མོལ་སྐབས། ༠༧།༠༩།༢༠༢༣
CTA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཆིབས་བསྒྱུར་ཆེད་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་དང་། མཛད་འཆར་ལྟར་ཕྱི་ཟླ་༧པའི་ཚེས་༡༠ཉིན་ལ་དྭགས་ས་གནས་སུ་མཁའ་ལམ་བརྒྱུད་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་ན་ཡང་། ཚེས་༡༠ཉིན་ལ་དྭགས་ས་གནས་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་གནམ་གྲུ་འཕུར་མ་ཐུབ་པར་བརྟེན། སང་ཉིན་ཕྱི་ཚེས་༡༡ཉིན་གྱི་སྔ་དྲོར་ལ་དྭགས་ས་གནས་སུ་ཞབས་སོར་འཁོད་རྒྱུ་ཡིན་པ་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ཐུབ་བསྟན་ཚེ་དབང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པར་ངོ་སྤྲོད་གནང་འདུག
ཁོང་གིས་གསུངས་ན། ༧གོང་ས་མཆོག་ལ་དྭགས་ས་གནས་སུ་ཆིབས་བསྒྱུར་མཛད་རྒྱུར་ལ་དྭགས་ས་གནས་གཞུང་དམངས་ཚང་མས་ཕེབས་བསུའི་གྲ་སྒྲིག་ཨང་གསར་བྱས་བསྡད་ཡོད་པ་དང་། ཕེབས་བསུར་ས་གནས་གང་ས་ནས་མི་མང་པོ་ཕེབས་ཡོད་པ་གསུངས་བྱུང་།

ལ་དྭགས་གཤམ་སྟོད་གཞུང་གསུམ་གྱི་ཡུལ་འདྲ་མིན་གྱི་ཡུལ་མི་ཚོས་༧གོང་ས་མཆོག་ཕེབས་བསུར་གྲ་སྒྲིག་གིས་རང་སོ་སོའི་ཡུལ་གྱི་ཆས་གོས་གྱོན་ནས་ཕེབས་སྒུག་གནང་སྐབས་འདུག་ལ། ལ་དྭགས་ཨར་ཡན་མི་རིགས་ཡིན་པ་བོད་ཁྱིམ་སློབ་གྲྭ་ནས་སློབ་སྦྱོང་གནང་མྱོང་མཁན་རིག་འཛིན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ང་ནི་ལ་དྭགས་ཨར་ཡན་མི་རིགས་ཞིག་ཡིན་མོད། བོད་ཁྱིམ་སློབ་གྲྭ་ནས་སློབ་སྦྱོང་བྱས་མྱོང་། ༧གོང་ས་མཆོག་མཇལ་སྐབས་སེམས་ལ་ཚོར་སྣང་མ་འདྲ་བ་ཞིག་འདུག་པས་ང་ཐེངས་ཆེད་དུ་༧གོང་ས་མཆོག་མཇལ་ཐུབ་ཆེད་ཕེབས་བསུར་བཅར་བ་ཡིན་པ་གསུངས་བྱུང་།
ཚེས་༩ཉིན་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས་སྣེ་ཁྲིད་འོག་ལྡི་ལིར་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་དང་། ཨ་རིའི་རོགས་དངུལ་ཐེབས་རྩ་ཁང་གི་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་སོགས་ཡོད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། ལྡི་ལི་དོན་གཅོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་མཉམ་ཞུགས་གནང་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎