༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་གྱི་ཕེབས་སྒྲིག་ཞུ་བཞིན་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་སྤྱི་ཟླ་༧པའི་ཚེས་༡༠ཉིན་བོད་དང་ས་འབྲེལ་ལ་དྭགས་སུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་དང་། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བ་རུ་ཆོས་འབྲེལ་གསུང་ཆོས་དང་བརྟན་ཞུགས་བསྟར་འབུལ་གྱི་མཛད་འཆར་ཐུགས་གཏན་འཁེལ་འདུག ལ་དྭགས་ཁུལ་ནང་པ་དང་ཁ་ཆེ་སོགས་ཆོས་ལུགས་འདྲ་མིན་གྱི་རྗེས་འཇུག་པ་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཞབས་སོར་འཁོད་སྐབསཆོས་ལུགས་རྗེས་འབྲང་དབྱེར་མེད་ཀྱི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུ་སྲོལ་ཡོད་ལ། འདི་ལོའི་ཆིབས་བསྒྱུར་སྐབས་དེ་སྔོན་ལས་ཕེབས་སྒྲིག་རྒྱས་པ་ཞུ་རྒྱུ་ཡིན་པ་ལ་དྭགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལ་དྭགས་ཀྱི་གསར་འགོད་པ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་རྒྱུད་ལོན་གནང་འདུག
དཔེར་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལ་དྭགས་ཀྱི་ཁ་ཆེ་བ་ས་ཕི་ན་ཁོ་སར་ལགས་ཀྱིས། ང་རང་ཁ་ཆེ་(Moslem)་ཆོས་ལུགས་རྗེས་འབྲངས་པ་ཞིག་ཡིན། ཡིན་ན་ཡང་༧གོང་ས་མཆོག་གིས་ནང་པ་ཙམ་མིན་པར་ང་ཚོ་ཁ་ཆེ་བ་ཚོ་ལ་ཡང་ཐུགས་བརྩེ་བ་གནང་གི་རེད། དེ་བས་ད་ཐེངས་སྐུ་མདུན་ལ་དྭགས་སུ་ཡང་བསྐྱར་ཆིབས་བསྒྱུར་གནང་རྒྱུ་ཡིན་སྟབས་སེམས་སྐྱིད་པོ་འདུག་ཞེས་གསུངས་བྱུང་ལ། ཡང་ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ནས་ཡིན་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས། སྐུ་མདུན་ལ་དྭགས་སུ་ཕེབས་སྐབས་ལ་དྭགས་འདི་ས་སྐྱིད་པ་དང་ང་རང་སེམས་སྐྱིད་པོ་ཡོད་པའི་ཚོར་སྣང་འདུག་ཅེས་དང་། ཡང་པ་སངས་ལྷ་མོ་ལགས་ཀྱིས་དགའ་ཚོར་དང་བཅས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཕེབས་རྒྱུར་ཕེབས་སྒུག་ཞུས་བསྡད་ཡོད་པ་གསུངས་བྱུང་།
དེ་སྔ་ལྷ་སའི་ཁ་ཆེ་བ་ཡིན་པ་བ་ཧི་ཨིབ་ར་ཧིམ་ལགས་ཀྱིས། རྒྱལ་བ་རིན་པོ་ཆེ་ལ་དྭགས་ས་གནས་སུ་ཕེབས་ན་སེམས་པ་དགའ་ཚོར་ཞེ་དྲགས་ཡོང་གི་འདུག དེང་སང་ལ་དྭགས་སུ་ཡུལ་སྐོར་བ་སོགས་མང་པོ་མེད་སྟབས་སེམས་ཆགས་ཀྱི་མི་འདུག་ཅེས་དང་། ཡང་ལ་དྭགས་ཨར་ཡན་རི་ལྗོངས་ནས་ཡིན་པ་ཟླ་བ་ཚེ་རིང་ལགས་ཀྱིས། སྐུ་མདུན་དགུང་ལོ་བགྲེས་བོ་ཡིན་ཡང་ལ་དྭགས་ས་གནས་སུ་ཡང་ཡང་ཆིབས་བསྒྱུར་གནང་ནས་ལ་དྭགས་མི་མང་ལ་ཐུགས་བརྩེ་བ་གནང་བཞིན་པ་ནི། ལ་དྭགས་པ་ཚོའི་བསོད་ནམས་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།
ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ཟླ་༧ཚེས་༢༡དང་༢༢སོ་སོར་སྔ་དྲོའི་ཆོས་མཐུན་གཅིག་རིང་རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་༢༣ཉིན་ལ་དྭགས་ནང་པ་ཡོངས་ཀྱི་ཚབ་ཞུས་ནས་ལ་དྭགས་དགོན་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་སླད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་འདུག་ལ། དེ་ཉིན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་ཡང་སྩོལ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་གནང་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།