རྒྱ་ནག་གིས་བལ་ཡུལ་བར་ལྕགས་ལམ་བཟོ་བསྐྲུན་བྱེད་བཞིན་པ་ནི་རང་གི་ཁེ་ཕན་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བརྒྱུད་ས་མཚམས་ས་ཁུལ་སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུ་བར་དུ་མེ་འཁོར་ལྕགས་ལམ་ཞིག་བཟོ་བསྐྲུན་བྱེད་མུས་ཡིན་པ་རྒྱ་ནག་གཞུང་གིས་དེ་སྔོན་ནས་བསྒྲགས་ཡོད་པ་རེད། དེའི་ཐད་བལ་ཡུལ་ནང་རྟེན་གཞི་བྱས་པའི་བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་(Santosh Sharma)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བལ་ཡུལ་དང་རྒྱ་གར་བར་གྱི་མེ་འཁོར་ལྕགས་ལམ་བསྐྱར་བཟོ་བྱུང་བ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་མང་དུ་མ་ཞིག་གི་རྨི་ལམ་མངོན་འགྱུར་བྱུང་བ་ལྟ་བུ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་མང་ཚོགས་ཚོའི་ཚོང་ལས་ལ་ཡང་ཕན་ཐོགས་ཡོད། གལ་ཏེ། ད་ལྟའི་ཆར་རྒྱ་ནག་ལྷན་དུ་བོད་ནས་མེ་འཁོར་ལྕགས་ལམ་ཞིག་བསྐྲུན་ཡོད་ན། དེ་བརྒྱུད་ནས་རྒྱ་ནག་གཞུང་གིས་ཚོང་ཟོག་དང་ཅ་དངོས་རྣམས་བལ་ཡུལ་ལ་ཚུར་གཏོང་བ་མ་གཏོགས། བལ་ཡུལ་ནས་ཕར་ཅ་དངོས་འོར་འདྲེན་བྱེད་མཁན་གྱི་མེ་འཁོར་དེ་སྟོང་པ་ལོག་རྒྱུ་དེ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
བལ་ཡུལ་དང་རྒྱ་གར་བར་རིང་ཚད་སྤྱི་ལེ་༦༩ཙམ་ཡོད་པའི་མེ་འཁོར་ལྩགས་ལམ་དེ་ཁ་སྔོན་སྤྱི་ཟླ་༤པའི་ཚེས་༢ཉིན་དངོས་སུ་ཤར་གཏོང་བྱས་འདུག་པ་དེ་ནི་༡༩༣༧ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་སྐབས་ལས་གཞི་འགོ་འཛུགས་གནང་བ་ཞིག་ཡིན་ནའང་། ༢༠༠༡ལོར་ཆུ་ལོག་བྱུང་སྟེ་ལྕགས་ལམ་དེར་གནོད་སྐྱོན་ཚབས་ཆེན་བཏང་རྗེས། ད་བར་བེད་སྤྱོད་མེད་པར་ལྷག་ཡོད་འདུག་པ་དང་། ད་རེས་རྒྱ་གར་ངོས་ནས་མེ་འཁོར་ལྕགས་ལམ་དེ་བསྐྱར་བཟོ་ཆེད་ཧིན་སྒོར་ཐེར་འབུམ་༥དང་དུང་ཕྱུར་༥ཡི་འགྲོ་གྲོན་བཏང་ཡོད་འདུག
ཡང་བལ་ཡུལ་ནང་གནས་སྡོད་གསར་འགོད་པ་དང་ཕྱི་འབྲེལ་ཐབས་བྱུས་ཉམས་ཞིབ་པ་(Parshuram Kaphel)་ལགས་ཀྱིས། བོད་ནས་ཀཐ་མན་ཌུ་བར་གྱི་མེ་འཁོར་ལྕགས་ལམ་དེ་ནི་རྒྱ་ནག་གཞུང་གི་རྨི་ལམ་ལྟ་བུ་ཞིག་ཡིན་པ་མ་ཟད། དེ་ནི་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཆ་ཤས་ཤིག་ཡིན་པས། བལ་ཡུལ་གཞུང་གིས་བུ་ལོན་བརྒྱུད་ནས་ལས་གཞི་དེ་ངོས་ལེན་བྱས་ཚེ། ཁེ་སང་ལས་གྱོང་གུན་མང་བ་ཡོད། དེ་ལས་ཉེ་ལམ་གསར་དུ་འགོ་བཙུགས་བའི་བལ་ཡུལ་ནས་རྒྱ་གར་བར་གྱི་མེ་འཁོར་ལྕགས་ལམ་དེ་ནི་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་ལ་ཡང་དགེ་མཚན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་ནས་བལ་ཡུལ་བར་གྱི་ལྕགས་ལམ་དེ་༢༠༢༤ལོར་ཤར་གཏོང་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་དེ་སྔོན་བརྗོད་འདུག་པ་དང་། དེའི་རིང་ཚད་ནི་སྤྱི་ལེ་༥༤༠ཙམ་ཡོད་འདུག
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ད་ལྟའི་ཆར་གཞིས་ཀ་རྩེ་ནས་བོད་ཀྱི་ས་མཚམས་ས་ཁུལ་སྐྱིད་གྲོང་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་མཇུག་བསྒྲིལ་ཟིན་ཡོད་པ་དང་། སྐྱིད་གྲོང་ནས་བལ་ཡུལ་རྒྱལ་ས་བར་གྱི་ལྕགས་ལམ་གྱི་ལས་གཞི་རྒྱ་ནག་གཞུང་གིས་འགོ་བཙུགས་ཟིན་ཡོད་། དེ་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་བལ་ཡུལ་ནང་ཨ་རི་དང་། རྒྱ་གར་སོགས་ཀྱི་ཤུགས་རྐྱེན་མེད་པ་བཟོ་རྒྱུའི་ཐད་གལ་འགངས་ཆེན་པོར་ངོས་འཛིན་བྱེད་བཞིན་པ་རེད་ཅེས་དང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་བརྒྱུད་ནས་བལ་ཡུལ་ནང་རྒྱ་ནག་གཞུང་གིས་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་དེ་ལམ་ལྷོངས་བྱུང་བ་ཡིན་ཚེ། ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་དམག་དོན་དང་རྒྱལ་དོན་ཐབས་བྱུས་སོགས་ལ་རྒྱ་ནག་གཞུང་གི་ཐེ་བྱུས་ཡོང་ཉེན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཉིན་ཤས་སྔོན་བལ་ཡུལ་དང་རྒྱ་གར་བར་གྱི་མེ་འཁོར་ལྩགས་ལམ་དེ་དབུ་འབྱེད་གནང་བའི་སྐབས། བལ་ཡུལ་གྱི་སྲིད་བློན་(Sher Bahadur)་དང་རྒྱ་གར་གྱི་སྲིད་བློན་(Modi)་རྣམ་གཉིས་ཐུག་འཕྲད་ཀྱིས་འབྱུང་འགྱུར་རྒྱལ་ཁབ་གཉིས་བར་ས་མཚམས་ཀྱི་དཀའ་ངལ་ཇི་བྱུང་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་རྒྱུ་ཡིན་པ་ཐག་གཅོད་གནང་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།