ཡུན་བོད་ལྕགས་ལམ་འཛུགས་བསྐྲུན་གྱིས་བོད་ནང་གི་བོད་མི་ཚོར་སེམས་ཚབས་ཡོང་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བརྒྱད་རིང་བྲུས་བའི་ཡུན་ནན་ཞིང་ཆེན་ནས་བོད་བར་གྱི་མེ་འཁོར་ལྕགས་ལམ་གྱི་ཕུག་ལམ་གལ་འགངས་ཆེ་བ་བསྐྲུན་ཟིན་ཡོད་པ་དང་། ཡུན་ནན་ནས་བོད་བར་གྱི་མེ་འཁོར་ལྕགས་ལམ་གྱི་ཕུག་ལམ་མང་པོ་ཞིག་རི་ཕུག་ནས་བཟོས་ཡོད་པ། དེ་ཚོའི་ནང་ནས་གཡུ་ལུང་ཟེར་བའི་གངས་རི་དེ་ནི་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ལིས་ཅང་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཡོད་པ་དང་། རྒྱ་ནག་དང་བོད་བར་གྱི་ས་འབྲེལ་ཞིག་ལ་འཁེལ་གྱི་ཡོད་པ་མ་ཟད། ཡུན་ནན་དང་བོད་བར་གྱི་མེ་འཁོར་ལྕགས་ལམ་གྱི་གལ་འགངས་ཆེ་བའི་ཆ་ཤས་ཤིག་ཀྱང་ཡིན་པའི་སྐོར་(Tibet rights collective)་ཞེས་པས་གནས་ཚུལ་སྤེལ་བའི་ནང་བཀོད་འདུག
ཡུན་ནན་ཞིང་ཆེན་གྱི་ལིས་ཅང་ས་གནས་ནས་བོད་ཀྱི་རྒྱལ་ཐང་བར་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་གྱི་བརྒྱུད་རིམ་ནང་རི་མི་འདྲ་བ་ཉི་ཤུ་ཙམ་གྱི་ཁོག་པ་སྔོག་ནས་ལྕགས་ལམ་གྱི་ཕུག་ལམ་བཟོ་བསྐྲུན་བྱེད་དགོས་ཀྱི་ཡོད་པ་དང་། ད་ལྟའི་ཆར་རི་༡༩ཙམ་གྱི་ཁོག་བྲུས་ཟིན་ཡོད་པ་དང་། ཕྱི་ལོ་༢༠༣༠ལོར་ཡུན་ནན་ནས་བོད་བར་གྱི་མེ་འཁོར་ལྕགས་ལམ་དེ་ཡོངས་སུ་འགྲུབ་རྒྱུ་ཡིན་པ་ཚོད་རྩིས་བྱེད་བཞིན་པ་བཀོད་འདུག
དེ་ལྟར་ན་ཡུན་ནན་ནས་བོད་བར་དང་། དེ་བཞིན་ད་ཡོད་ཀྱི་མཚོ་སྔོན་ནས་ལྷ་ས་བར་གྱི་ལྕགས་ལམ། ཟི་ཁྲོན་ནས་ལྷ་ས་བར་གྱི་ལྕགས་ལམ། ཤིན་ཅང་ནས་བོད་བར་བཅས་ས་གནས་ཁག་ལྔ་ནས་བོད་ནང་མེ་འཁོར་ལྕགས་ལམ་བརྒྱུད་ནས་མི་དང་དངོས་ཟོག་དབོར་འདྲེན་བྱེད་དང་བྱ་རྒྱུ་ཡིན་ཞིང་། མེ་འཁོར་ལྕགས་ལམ་བརྒྱུད་བོད་ནང་རྒྱ་ནག་གི་ས་གནས་མང་པོ་ནས་རྒྱ་མི་གནས་སྤོར་རྒྱུར་སྟབས་བདེ་ཡིན་པས་ཇེ་མང་དུ་འགྲོ་རྒྱུ་ཡིན་པར་ས་གནས་བོད་མི་ཚོས་སེམས་ཚབས་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་གྱི་ལས་གཞིའི་ཆེད་གཞུང་ཕྱོགས་ནས་ས་གནས་ཀྱི་བོད་མི་ཞིང་འབྲོག་མི་མང་ཚོ་ས་གནས་གཞན་དུ་གནས་སྤོས་བྱེད་དུ་བཅུག་ནས། ཁོང་ཚོའི་སྲོལ་རྒྱུན་གྱི་འཚོ་གནས་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དེས་ས་གནས་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།