ལྕགས་ལམ་གྱི་ལམ་ཐིག་ཁེལ་སའི་ཞིང་འབྲོག་བོད་མིའི་འཚོ་གནས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག
རྒྱ་ནག་ནུབ་བྱང་གི་ལན་ཀྲོའུ་གྲོང་ཁྱེར་དང་ལྷོ་ནུབ་ཀྱི་ཁྲིན་ཏུའུ་གྲོང་ཁྱེར་བར་དུ། རྒྱ་རིགས་འདུས་སྡོད་ཀྱི་ས་ཁུལ་བརྒྱུད་པའི་མེ་འཁོར་ལྕགས་ལམ་རིང་ཚད་སྤྱི་ལེ་༧༣༠ལྷག་ཡོད་པ་ཞིག་སྔ་མོ་བཟོས་ཡོད་མོད། ད་ལྟ་བོད་རིགས་རང་སྐྱོང་གི་ས་ཁུལ་ཁག་གི་ས་ཐོག་བརྒྱུད། རིང་ཚད་སྤྱི་ལེ་༤༦༢ལྷག་ཡོད་པའི་ཁྲིན་ཏུའུ་དང་ལན་ཀྲོའུ་བར་གྱི་ལྕགས་ལམ་གསར་པ་འཛུགས་བསྐྲུན་གྱིས། བོད་མཐོ་སྒང་གི་ས་ཐོག་ཏུ་སླེབས་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་ཀྲུང་གོའི་བོད་སྐད་རླུང་འཕྲིན་སྟེང་སྤྱི་ཟླ་༧པའི་ཚེས་༡༨ཉིན་གནས་ཚུལ་སྤེལ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་ལྕགས་ལམ་གྱི་ལམ་ཐིག་ཁེལ་བའི་ས་གནས་ཀྱི་ཡུལ་མི་ཚོར། ཞིང་ས་དང་འབྲོག་པའི་རྩྭ་སར་གུན་གསབ་སྤྲོད་བཞིན་པ་ཡིན་ནའང་། ཁྱིམ་ཚང་མང་པོ་ཕར་ཚུར་གནས་སྤོས་བྱ་དགོས་པ་དང་ཁང་པ་གཏོར་བཤིག་འགྲོ་བཞིན་པ། ལྷག་པར་མང་ཚོགས་ཀྱི་ནང་ལས་དོན་འགོ་ཁྲིད་པ་ཆེད་དུ་བཙུགས་ཏེ་དུས་ཐོག་ཏུ་ཞིང་འབྲོག་མང་ཚོགས་གནས་སྤོས་བྱ་དགོས་པའི་བཙན་བཀའ་གཏོང་བཞིན་པ་སོགས་ཀྱི་གནས་ཚུལ་ལྷག་བཞིན་པ། འབྲེལ་ཡོད་བོད་ནང་གི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ནང་གི་བོད་མི་ཤེས་ཡོན་ཅན་ཞིག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་དུ་ལྕགས་ལམ་སྣ་ཚོགས་འཐེན་བཞིན་པ་དེས། བོད་རིགས་ས་གནས་སུ་རྒྱ་མི་འབོར་ཆེ་གནས་སྤོ་སྟབས་བདེ་དང་། གཏེར་ཁ་དབོར་འདྲེན། བོད་མིའི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྒྱ་རིགས་ཅན་དུ་བསྒྱུར་རྒྱུ་སོགས་ཧ་ཅང་སྟབས་བདེ་བཟོས་ཡོད་པ་དང་ཆབས་ཅིག ལྷད་མ་འདྲེས་པའི་བོད་ས་མཐོའི་ཁོར་ཡུག་ལ་འབག་བཙོག་དང་གཏོར་བཤིག་ཇེ་ཆེར་འགྲོ་བ་དང་། བོད་ཀྱི་འབྲོག་ས་ཁག་གི་ཁུ་སིམ་པོའི་འཚོ་བའི་གོམས་གཤིས་ལ་དོ་ཕོག་ཚབས་ཆེན་གཏོང་ཉེན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་དམག་དོན་དང་བོད་ནང་རྒྱ་རིགས་མང་པོ་གནས་སྤོས་བྱེད་པ། བོད་ནང་གི་གཏེར་རྫས་སྣ་ཚོགས་དབོར་འདྲེན་སོགས་དགོས་མཁོ་སྣ་མང་ལ་དམིགས་ཏེ། འཛམ་གླིང་ལ་སྙན་གྲགས་ཡོད་པའི་མཚོ་བོད་ལྕགས་ལམ་སྟེ། མཚོ་སྔོན་ན་གོར་མོ་ནས་ལྷ་སའི་བར་གྱི་ལྕགས་ལམ་བསྐྲུན་ཡོད་པ་མ་ཟད། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྷ་སའི་ལྕགས་ལམ་བཟོ་བསྐྲུན་གྱི་ལས་མགོ་བཙུགས་ནས། ད་ཆ་ལྷ་ས་དང་ཀོང་པོ་ཉིང་ཁྲི་བར་གྱི་ལྕགས་ལམ་ཡོངས་སུ་གྲུབ་ཚར་ཡོད་པ་མ་ཟད། ལམ་ཐིག་དེའི་ཁྲིན་ཏུའུ་ནས་གཡག་རྔ་བར་གྱི་སྤྱི་ལེ་བཞི་བརྒྱ་ལྷག་གི་ལྕགས་ལམ་ཀྱང་ཤར་གཏོང་ཐུབ་པ་སོགས། མདོར་ན་སྤྱི་ལེ་གཅིག་སྟོང་ལྷག་ཡོད་པའི་ཁྲོན་བོད་ལྕགས་ལམ་འགྲུབ་ལ་ཉེ་བའི་ཁར། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་མཚོ་སྔོན་གྱི་བོད་རིགས་ས་ཁུལ་བརྒྱུད། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་བརྒྱུད་དེ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་བར་ལྕགས་ལམ་གསར་པ་ཞིག་ཀྱང་བསྐྲུན་འགོ་བཙུགས་ཡོད།
གཞན་ཡང་ལྷ་ས་གྲོང་ཁྱེར་ནས་གཞིས་ཀ་རྩེ་གྲོང་ཁྱེར་དང་དེ་ནས་བལ་ཡུལ་བར་ལྕགས་ལམ་གསར་བསྐྲུན་གྱི་ལས་འཆར་ཀྱང་འཆར་འགོད་བྱེད་བཞིན་པ་སོགས། ལྕགས་ལམ་མི་འདྲ་བ་ལྔ་ཡོངས་གྲགས་སུ་གསར་བསྐྲུན་བྱས་དང་བྱེད་བཞིན་པ། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།