བོད་ནང་རྒྱ་ནག་གཞུང་གིས་མེ་འཁོར་ལྕགས་ལམ་བསྐྲུན་བཞིན་པར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་།
ཉེ་ལམ་རྒྱ་ནག་གི་གཞུང་འབྲེལ་གསལ་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་། དུས་ཡུན་རིང་འབྲིང་གི་ལྕགས་ལམ་འཆར་འགོད་ཅེས་པ་ཡོངས་བསྒྲགས་བྱས་འདུག་པའི་ནང་། སྤྱི་ལོ་༢༠༣༥ལོ་བར་སླེབས་དུས། བོད་རང་སྐྱོང་ལྗོངས་ཀྱི་མེ་འཁོར་ལྕགས་ལམ་དྲ་བའི་གཞི་ཁྱོན་དེ་སྤྱི་ལེ་༥༠༠༠ཡན་ཟིན་པ་བྱ་རྒྱུ་དང་། ལྷ་ས་ལྟེ་བ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་རིམ་པའི་འཛིན་སྐྱོང་བྱེད་ཡུལ་གྱི་ས་ཁུལ་ཚང་མར་ཁྱབ་པ་མ་ཟད་། ཤིན་ཅང་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་དང་མཐུད་ཐུབ་པའི་ཐོག་ཕྱིར་སྐྱོད་སྟབས་བདེ་བ་དང་། ནུས་པ་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་ལྕགས་ལམ་དྲ་བ་བསྐྲུན་ནས་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག
དེའི་ཐད་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་ཁང་གི་གཙོ་འཛིན་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་ད་ལྟ་བོད་ནང་དུ་གསར་བསྐྲུན་བྱེད་བཞིན་པའི་མེ་འཁོར་ལྕགས་ལམ་གྱི་ལས་གཞིར་དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་ལས། དང་པོ། རྣོ་ངར་ཆེ་བའི་འཕགས་བོད་ས་མཚམས་ཁུལ་དུ་དམག་མི་དང་གོ་མཚོན་འོར་འདྲེན་བྱེད་རྒྱུ་ལས་སླ་རུ་གཏོང་གཏོང་བཞིན་པ་དང་། གཉིས་པ། བོད་ནང་གི་གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་གཏེར་རྫས་རྣམས་རྒྱ་ནག་ཏུ་འོར་འདྲེན་བྱེད་རྒྱུ། གསུམ་པ། རྒྱ་ནག་ནང་ཁུལ་གྱི་རྒྱ་མི་རིགས་ཚོ་བོད་ནང་དུ་ལས་སླ་པོའི་ངང་ཡོང་ཐུབ་པ་བྱས་ཏེ་རིམ་པས་བོད་མིའི་མི་འབོར་དང་ངོ་བོ་ལ་ཤུགས་རྐྱེན་ཐེབས་ཐབས་བྱ་རྒྱུ་སོགས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བའི་ནང་། སྤྱི་ལོ་༢༠༢༥ཤར་བའི་སྐབས་སི་ཁྲོན་ཞིང་ཆེན་གྱི་གཡག་རྔ་(Ya’an)་གྲོང་ཁྱེར་ནས་ཉིང་ཁྲི་གྲོང་འཁྱེར་བར་གྱི་མེ་འཁོར་ལྕགས་ལམ་ལས་གཞི་དང་། ཤིན་བོད་ལྕགས་ལམ་ཞེས་བོད་དང་ཤིན་ཅང་བར་གྱི་ལྕགས་ལམ་ལས་གཞིའི་ཁྲོད་གཞི་ཀ་རྩེ་གྲོང་ཁྱེར་ནས་བལ་ཡུལ་དང་ས་འབྲེལ་ཆགས་པའི་སྐྱིད་གྲོང་རྫོང་གི་དཔལ་ཁུད་མཚོ་(Palku Lake)་བར་གྱི་མེ་འཁོར་ལྕགས་ལམ། དེ་བཞིན་ཡུན་ནན་ཞིང་ཆེན་དང་ལྷ་ས་བར་གྱི་ལྕགས་ལམ་ལས་གཞིའི་ཁྲོད། ཉིང་ཁྲི་ས་ཁུལ་གྱི་སྤོ་མེས་རྫོང་(Bomi County)་དང་ཚ་བ་དཔའ་ཤོད་རྫོང་གི་རག་ཝ་མཚོ་(Ranwu Lake)་བར་གྱི་མེ་འཁོར་ལྕགས་ལམ་གསར་སྐྲུན་ཡོངས་སུ་བསྒྲུབ་སྟེ། མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པ་བྱ་རྒྱུ་བཅས་ཡིན་འདུག་ཅིང་། ༢༠༢༥བར་མེ་འཁོར་ལྕགས་ལམ་ལས་གཞི་གཅིག་པུས་བོད་རང་སྐྱོང་ལྗོངས་ནང་རྒྱ་ནག་རྒྱལ་ནང་ནས་ཡུལ་སྐོར་བ་ས་ཡ་༥དང་ཁྲི་༦ ལྷག་སླེབས་ཐུབ་པ་དང་། ༢༠༣༥ ལོ་སླེབས་སྐབས། ཁུལ་དེར་ཡུལ་སྐོར་བ་ས་ཡ་༩དང་ཁྲི་༦ ལྷག་སླེབས་ཐུབ་པའི་འཆར་གཞི་སྒྲིག་ཡོད་པ་བསྒྲགས་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ལས་གཞི་ཇི་འདྲ་ཞིག་སྤེལ་བ་ཡིན་ནའང་། ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པའི་ཁར། མེ་འཁོར་ལྕགས་ལམ་གང་མང་གསར་རྒྱག་བྱས་པ་དེས་བོད་མིའི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲད་དེ། མཐར་རྒྱ་ནག་ལ་མ་བསྟུན་ཐབས་མེད་བཟོ་རྒྱུ་དེ་ཡིན་པ་མ་ཟད། ལྕགས་ལམ་གྱི་ལས་གཞི་དེ་ནི་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་བྱུས་ཀྱི་ཆ་ཤས་ཞིག་ཀྱང་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་སྐབས་གསར་བསྐྲུན་བྱེད་བཞིན་པའི་ཡུན་ནན་ཞིང་ཆེན་ནས་ལྷ་ས་བར་གྱི་མེ་འཁོར་ལྕགས་ལམ་ལ་ཁྱོན་སྤྱི་ལེ་༢༢༢༨ཡོད་པ་དང་། དེར་ཕུག་ལམ་༢༠བསྐྲུན་འཆར་ཡོད་པ་ལས་ཕུག་ལམ་༡༩གསར་རྒྱག་ཟིན་ཡོད་པས། ཕུག་ལམ་གསར་རྒྱག་བྱེད་པའི་སྐབས་ས་རུད་བྱུང་བ་དང་། ཆུ་ལོག་རྒྱུག་པ་སོགས་ཀྱི་གོད་ཆག་ཐེངས་༢༠༠ཙམ་བྱུང་ཡོད་པ་རྒྱ་ནག་གཞུང་གིས་ཕྱི་བསྒྲགས་བྱས་འདུག་པ་དང་། སི་ཁྲོན་ནས་ལྷ་ས་བར་གྱི་མེ་འཁོར་ལྕགས་ལམ་ལ་ཁྱོན་རིང་ཚད་སྤྱི་ལེ་༡༦༢༩ཡོད་འདུག
ཡང་རྒྱ་ནག་གཞུང་གི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་འཆར་འགོད་ཅེས་པའི་ལས་གཞིའི་ནང་། གཞིས་རྩེ་ནས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི། ཆབ་མདོ། ཁྲིན་ཏུའུ་བར་དང་། དེ་ནས་མངའ་རིས་ནས་ནག་ཆུ་དང་ཆབ་མདོ་བར། ཡང་ཧོ་ཐན་ནས་མངའ་རིས་དང་གཞིས་ཀ་རྩེ། ལྷ་ས། ལྷོ་ཁ། ཉིང་ཁྲི། སེམས་ཀྱི་ཉི་ཟླ། ལི་ཅང་བར། དེ་ནས་ཡང་ཟི་ལིང་ནས་གོར་མོ་དང་ནག་ཆུ། ལྷ་ས་བར། དེ་བཞིན་ཟི་ལིང་ནས་ཡུལ་ཤུལ་དང་ཆབ་མདོ་བར་བཅས་ཡིན་འདུག མདོར་ན་རྒྱ་ནག་གཞུང་གིས་འཆར་གཞི་གཞིར་བཟུང་མེ་འཁོར་ལྕགས་ལམ་བརྒྱུད་བོད་དེ་ལྷོ་ཨེ་ཤེ་ཡ་དང་རྒྱ་ནག་བར་གྱི་ཟམ་པ་ལྟ་བུ་ཞིག་ཏུ་སྐྲུན་འཆར་འདུག་པས། རྒྱ་ནག་གཞུང་གིས། དེ་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཞབས་ཞུ་བསྒྲུབ་པ་དང་མཐའ་མཚམས་ས་ཁུལ་གོང་འཕེལ་ཡོང་བར་ཕན་ཐོགས་ཡོད་པ་བརྗོད་འདུག
ཉེ་ལམ་གསར་དུ་ཡོངས་བསྒྲགས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ནང་། ༢༠༣༥བར་ལྕགས་ལམ་ལམ་ཐིག་གསར་པ་བཅུ་གསར་སྐྲུན་བྱེད་འཆར་འདུག་པས། གནད་དོན་དེའི་ཐད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Observer Research Foundation)་ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐོག་ཉམས་ཞིབ་པ་(Antara Ghosal Singh)་ལགས་ཀྱིས། དེ་ནི་རྒྱ་གར་ཕྱོགས་ནས་ཧ་ཅང་བློ་འཚབ་བྱེད་ཡུལ་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་ངོས་ནས་ཀྱང་རང་ཉིད་ཀྱི་བདེ་འཇགས་ཆེད་དུ་ས་མཚམས་ས་ཁུལ་དུ་འཛུགས་སྐྲུན་ལས་གཞི་མང་དུ་སྤེལ་སྲིད་པ་རེད། དཔེར་ན། སྲིད་བློན་མོ་དྷིས། ཨ་རུ་ན་ཅལ་ཚུད་པའི་ས་མཚམས་ས་ཁུལ་ཁག་གི་གྲོང་གསེབ་རྣམས་ཡར་རྒྱས་གཏོང་རྒྱུ་ནི་གཙོ་འདོན་གནང་གི་ཡོད་ལ། རྒྱ་གར་གྱི་ངོས་ནས་ད་སྐབས་ས་མཚམས་ས་ཁུལ་གྱི་གྲོང་གསེབ་ཁག་གི་གནས་སྟངས་ཡར་རྒྱས་དང་མཉམ་དུ་དམག་དོན་གྱི་ལས་གཞི་མང་དག་ཅིག་སྤེལ་མུས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་རྒྱ་གར་ནང་སྲིད་ལྷན་ཁང་གིས་ས་མཚམས་ས་ཁུལ་ཡར་རྒྱས་ཀྱི་ལས་གཞི་(Border Area Development Programme)་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། ལས་གཞི་དེ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བདུན་པ་དེ་ཡིན་ཞིང་། དེ་ནི་གཙོ་བོ་ས་མཚམས་ས་ཁུལ་ཁག་ཏུ་བདེ་འཇགས་ཇེ་ལེགས་སུ་གཏོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ལས་གཞི་དེའི་ཁྱབ་ཁོངས་སུ་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སམ། བྷི་ཧར། གུ་ཇི་རཏ། ཧི་མ་ཅལ། ལ་དྭགས། མི་ནི་པུར། འབྲས་ལྗོངས། ཨུ་ཏར་ཁངྣ་། ནུབ་བྷེང་གྷལ། དེ་བཞིན་ཇཱ་མོ་ཀ་ཤི་མིར་སོགས་རྒྱ་གར་གྱི་མངའ་སྡེ་༡༦གི་རྫོང་༡༡༧ ཚུད་ཡོད་པ་བསྒྲགས་འདུག
སྤྱི་ལོ་༢༠༣༥ལོའི་ནང་ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ་བསྐྲུན་ཚར་བ་བྱ་རྒྱུ་དང་། མལ་གྲོ་གུང་དཀར་ནས་སྟེང་ཆེན་བར་གྱི་ལྕགས་ལམ་དང་། སྣེ་གདོང་ནས་མཚོ་སྣ་བར། གཏིང་སྐྱེས་ནས་ཁང་དམར་བར། སྨན་གླིང་ནས་མེ་ཏོག་བར་དང་རྫ་ཡུལ་བར། ཆབ་མདོ་ནས་མཛོད་དགེ་བར་སོགས་ཀྱི་ལྕགས་ལམ་བསྐྲུན་རྒྱུ་ཞིབ་འཇུག་ལག་བསྟར་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བསྒྲགས་འདུག
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་མཐའ་མཚམས་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་གཞིར་བཟུང་མེ་འཁོར་ལྕགས་ལམ་གྱི་ལས་གཞི་ཚ་ཚང་བསྒྲུབ་པ་ཡིན་ན། དེས་མ་འོངས་པར་བོད་དང་རྒྱ་གར་ཙམ་མིན་པར་། འབྲུག་དང་བལ་ཡུལ་སོགས་ལྷོ་ཨེ་ཤེ་ཡ་སྤྱི་ཡོངས་ཀྱི་བརྟན་ལྷིང་དང་རྒྱལ་དོན་ཐབས་བྱུས་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་ཞེས་དང་། ས་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་དེ་དག་གི་བྱུང་རྩ་གཙོ་བོ་ཞིག་ནི། དེ་སྔོན་༢༠༡༧ལོར་འབྲོག་ལམ་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་བྱུང་བའི་རྗེས། ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་གསར་རྒྱག་བྱེད་བཞིན་པའི་ལྷ་ས་ནས་བལ་ཡུལ་བར་གྱི་ལྕགས་ལམ་དེ་ནི་༢༠༢༤ལོར་ཤར་གཏོང་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་དེ་སྔ་བརྗོད་འདུག་པ་དང། དེའི་རིང་ཚད་ནི་སྤྱི་ལེ་༥༤༠ཙམ་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།