ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཡིས་ཨུ་རུ་སུའི་ནང་ཆོས་འབྲེལ་དང་གནད་ཡོད་མི་སྣར་མཇལ་འཕྲད་གནང་འདུག

2024.06.25
ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཡིས་ཨུ་རུ་སུའི་ནང་ཆོས་འབྲེལ་དང་གནད་ཡོད་མི་སྣར་མཇལ་འཕྲད་གནང་འདུག ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཨུ་རུ་སུའི་ནང་ཆོས་འབྲེལ་སྐབས། ༠༦།༢༠༢༤
Facebook / Kundeling Tatsak Rinpoche

ཨུ་རུ་སུའི་ནང་གི་སོག་རིགས་གཙོས་དད་ལྡན་ཆོས་ཞུ་བ་ཚོས་གསོལ་འདེབས་ཞུས་དོན་བཞིན། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་སྤྱི་ཟླ་༦པའི་ཚེས་༡༢ནས་༡༧བར། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ཡི་ནང་ཕེབས་ནས། མོ་སི་ཁོའི་ནང་བཅའ་སྡོད་རྒྱ་གར་གཞུང་ཚབ་ཆེན་མོ་ལ་མཇལ་འཕྲད་བཀའ་མོལ་གནང་བ་དང་མཚུངས། ཨུ་རུ་སུའི་དད་ལྡན་པ་ཚོར་ལམ་གཙོ་རྣམ་གསུམ་དང་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཀའ་ཆོས། ཡང་སྤྱན་རས་གཟིགས་དང་སྒྲོལ་ལྗང་གི་བཀའ་དབང་། བྱང་ཆུབ་ལམ་རིམ་གྱི་དམར་ཁྲིད་འཇམ་དཔལ་ཞལ་ལུང་གི་སྙིང་པོ་བསྡུས་པའི་ཁྲིད་ལུང་། སྒྲོལ་དཀར་གྱི་ཚེ་དབང་སོགས་སྩལ་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཕི་ཊར་སི་སྦིརྒི་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་སོག་རིགས་གནས་སྡོད་ཁལ་མིཀ་དང་བྷོ་རད་ཏི། ཐོ་ཝ་བཅས་སུ་ཆེད་ཕེབས་ཀྱིས་ཟླ་ངོ་གཅིག་རིང་བཞུགས་ཏེ་གསུང་ཆོས་བཀའ་སློབ་ཕེབས་པ་རྣམས་ཀྱིས། ནང་པ་ཚོའི་སེམས་ལ་ཕན་པོ་དང་གྲུབ་འབྲས་བཟང་པོ་ཐོབ་པར་ངོས་འཛིན་གནང་གི་ཡོད་ཅེས། རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཏེ་ལོ་རིན་པོ་ཆེ་ཡིས་མུ་མཐུད་དུ། ཨུ་རུ་སུའི་མངའ་ཁོངས་སུ་སོག་རིགས་དང་ཏུར་ཀི་མི་རིགས་སུ་གཏོགས་པ་ཕ་མེས་ནས་བོད་ཀྱི་ནང་ཆོས་ལ་དད་པ་གནང་མཁན་མང་པོ་ཞིག་ཡོད་པའི་ཁར། རྒྱལ་ས་རྙིང་པ་སན་ཕི་ཊར་སི་སྦིརྒིའི་ནང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་མཚན་ཞབས་རྡོ་རྗེ་ཡིབ་ནས་དབུ་མཛད་དེ། ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ནང་པ་ཚོས་དཔལ་འབྱོར་བསྡུ་རུབ་ཀྱིས་བཞེངས་པའི་བོད་བརྒྱུད་ནང་པའི་དགོན་པ་སྟེ། ཐུབ་དབང་དམ་ཆོས་འབྱུང་བའི་དགོན་གྱི་ཁྲི་པ་བུདྔྷ་བླ་མ་ལགས་ནས་ཀྱང་གདན་ཞུས་གསོལ་འདེབས་ཞུས་དོན་ལྟར། ཀུན་བདེ་གླིང་རིན་པོ་ཆེ་མཆོག་དེ་གར་ཞབས་འཁོད་ཀྱིས་སངས་རྒྱས་སྨན་བླའི་རྗེས་གནང་དང་། བླ་མ་མཆོད་པའི་བཀའ་ཁྲིད། སྐྱབས་སྡོམ་སོགས་སྩལ་ཡོད་པ་དང་། རིང་མིན་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་མཆོག་སོག་ཡུལ་ནང་ཆིབས་སྒྱུར་གནང་འཆར་དང་། སོག་ཡུལ་གྱི་མ་དགོན་དགའ་ལྡན་ཐེག་ཆེན་གླིང་གི་མཁན་པོ་གསར་པ་རྗེ་བཙུན་རྡོ་རྗེ་ལགས་དང་ཁོང་རྣམ་གཉིས། རྒྱ་གར་དུ་དེ་སྔ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་འཛིན་གྲྭ་གཅིག་ཡིན་པས་མཇལ་འཕྲད་ཡོང་ངེས་པ་དང་། དབང་ལུང་བཀའ་ཆོས་ཀྱང་གནང་འཆར་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
ཀུན་བདེ་གླིང་རྟ་ཚག་ཧོ་ཐོག་ཐུ་སྐུ་ཕྲེང་དང་པོ་ནི། དགེ་ལྡན་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་ངོས་འཛིན་གནང་ལམ་ཡོད་པ་མ་ཟད། རྟ་ཚག་སྐུ་ཕྲེང་བཅུ་པས་མཚོན་སྐུ་ཕྲེང་གཉིས་ནས་བོད་ཀྱི་རྒྱལ་ཚབ་གནང་བ་དང་། སྐུ་ཕྲེང་འགའ་རེ་སོག་པོ་དང་མན་ཇུ་གོང་མའི་དབུ་བླར་ཡང་ཕེབས་མྱོང་བ་སོགས་ཀྱིས། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་ནི། བོད་ནང་ཧ་ཅང་མཚན་སྙན་ཆེ་བའི་བླ་སྤྲུལ་གྲས་ཤིག་ཆགས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎