༧གོང་ས་མཆོག་གིས་བོད་སོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་མུ་མཐུད་དུ་རྒྱུན་འཛིན་དགོས་པ་བཀའ་བསྩལ་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་སོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་མུ་མཐུད་དུ་རྒྱུན་འཛིན་དགོས་པ་སོག་པོའི་དད་ལྡན་པ་ཁག་ཅིག་ལ་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༡༡ཚེས་༢༩ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སོག་པོའི་དད་ལྡན་པ་༧༠ལྷག་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་བཀའ་སློབ་བསྩལ་བའི་ནང་། བོད་སོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་དེ་མུ་མཐུད་དུ་རྒྱུན་འཛིན་དགོས་པའི་གལ་གནད་སྐོར་དང་། ནང་ཆོས་ལ་དད་པ་བྱས་པ་ཙམ་གྱི་འདང་གི་མེད་པར། གཙོ་བོ་སློབ་གཉེར་བྱེད་དགོས་པ་མ་ཟད། ནང་སེམས་ཞི་བདེ་སྐྲུན་ཐབས་དང་འབྲེལ་བའི་ནང་པའི་ལྟ་གྲུབ་ལ་དོ་སྣང་དང་སློབ་གཉེར་བྱེད་དགོས་པ་སོགས་བཀའ་ཕེབས་ཡོད་པ་མཇལ་བཅར་བ་ཁག་ཅིག་གིས་ངོ་སྤྲོད་གནང་བྱུང་།
བོད་དང་སོག་པོའི་བར་དུས་རབས་བདུན་པ་ཙམ་ནས་འབྲེལ་བ་ཆེན་པོ་བྱུང་ཡོད་ཅིང་། དམིགས་བསལ་༧རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་དུས་ནས་སོག་པོ་དང་བོད་གཉིས་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་བྱུང་སྟེ་སོག་པོའི་རྒྱལ་པོ་ཨལ་ཏན་ཁངྣ་གྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ལ་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་བསྩལ་བ་སོགས་ལོ་ངོ་བརྒྱ་ཕྲག་འགའ་ཤས་རིང་བོད་སོག་གཉིས་དབར་འབྲེལ་བ་དམ་ཟབ་གནས་ཡོད་པ་ལོ་རྒྱུས་ནང་གསལ་ཡོད་ཅིང་། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། དུས་རབས་ཉི་ཤུའི་ནང་བོད་སོག་གཉིས་ཀྱི་འབྲེལ་ལམ་ཉམས་རྒུད་དུ་སོང་ཡོད་ཀྱང་། ཕྱིས་སུ་སོག་པོའི་ནང་མང་གཙོའི་ལམ་ལུགས་དར་སྤེལ་ཕྱིན་པའི་ཁར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་རྗེས་ལ་བརྟེན་ནས་ད་སྐབས་རྒྱ་གར་ནང་བོད་སོག་གཉིས་ཀྱི་འབྲེལ་བ་དེ་སླར་གསོ་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ལྷག་ཏུ་ལོ་རྒྱུས་ཐོག་ནས་ལྷ་སར་ཆགས་པའི་དཔལ་ལྡན་འབྲས་སྤུང་སྒོ་མང་གྲྭ་ཚང་དང་སོག་པའི་བར་དམིགས་བསལ་འབྲེལ་བ་ཡོད་པའི་ཁར། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་འབྲས་སྤུང་སྒོ་མང་གྲྭ་ཚང་དུ་ཡང་དེང་སྐབས་སོག་པོའི་གྲྭ་རྒྱུན་མི་ཉུང་བ་ཞིག་གིས་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་མུས་ཡིན་པའི་ཁྲོད། དགེ་བཤེས་བློ་བཟང་ཆོས་གྲགས་ལགས་ཀྱིས་མི་ལོ་༢༠ལྷག་རིང་གྲྭ་ཚང་དེ་ཉིད་ནང་སློབ་གཉེར་གནང་ཡོད་འདུག
སྤྱི་ཚེས་༣༠ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པའི་སྐབས་དང་བསྟུན་ནས་སོག་ཡུལ་ནས་སོག་པོ་མི་གྲངས་༡༠༠ལྷག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ཡོད་པ་དང་། སོག་པོའི་དད་ལྡན་བ་(Thoya)་ལགས་ཀྱིས། ང་ནི་དམར་ཤོག་གི་དབང་བསྒྱུར་སྐབས་ལ་འཚར་ལོངས་བྱུང་ཡོད་པའི་རྐྱེན་གྱིས། ང་ཚོའི་ཡབ་མེས་ནས་བྱུང་བའི་སྲོལ་རྒྱུན་གྱི་རིག་གཞུང་ཁག་ལ་ཤུགས་རྐྱེན་ངན་པ་སྤྲད་ཡོད། འོན་ཀྱང་། ད་སྐབས་སོག་ཡུལ་ནང་ནང་ཆོས་དར་སྤེལ་འགྲོ་མུས་ཡིན་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ལ་བརྟེན་ནས་དེང་སྐབས་འཛམ་གླིང་སྟེང་ནང་ཆོས་ཀྱི་ཕན་ཡོན་དང་མཚན་སྙན་ཡོངས་སུ་གྲགས་བཞིན་ཡོད་ལ། བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་ལམ་དེ་ཡང་ཇེ་བཟང་དུ་ཡོང་བའི་སྨོན་འདུན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་སོག་པོའི་མཇལ་བཅར་བ་(Ankhtuya)་ལགས་ཀྱིས། ང་སོག་ཡུལ་ནས་རི་ལུང་མང་པོ་བརྒྱུད་ནས་ཡོང་དོན། གཙོ་བོ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཞལ་མཇལ་རྒྱུ་དེ་ཡིན། སོག་པོ་ལྟ་བུ་མཚོན་ན། ༧གོང་ས་མཆོག་མཇལ་རྒྱུ་ནི་ཧ་ཅང་གི་གལ་ཆེ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་རེས་མཇལ་ཁའི་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། དེང་གི་ཚན་རིག་དང་ནང་ཆོས་བར་གྱི་འབྲེལ་བའི་སྐོར་བཀའ་སློབ་ལམ་སྟོན་ཕེབས་སོང་བས། སེམས་ནང་ཧ་ཅང་གི་ཟུག་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱལ་བ་༧སྐུ་ཕྲེང་༤པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་དུ་སྐུ་འཁྲུངས་ཡོད་པ་དང་། དེ་བཞིན་རྒྱལ་མཆོག་༧སྐུ་ཕྲེང་༥པར་སོག་པོ་གུར་ཤི་ཁང་གིས་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་མངའ་སྲོལ་ཞུས་པ་སོགས་བོད་སོག་གཉིས་བར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་གནས་ཚུལ་མང་དག་ཅིག་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།