བྱང་ཆུབ་ཀྱི་སེམས་ནི་སོ་སོའི་གཟུགས་པོའི་འཕྲོད་བསྟེན་གྱི་སྨན་ལྟ་བུ་ཡིན། ༧གོང་ས་མཆོག་གིས།

2022.11.28
བྱང་ཆུབ་ཀྱི་སེམས་ནི་སོ་སོའི་གཟུགས་པོའི་འཕྲོད་བསྟེན་གྱི་སྨན་ལྟ་བུ་ཡིན། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་སོག་ཡུལ་གྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་སྐབས། ༡༡།༢༨།༢༠༢༢
OHHDL

སོག་ཡུལ་དུ་རྟེན་གཞི་བྱས་པའི་ཏེ་ལོ་པ་ཧུ་ཐོག་ཐུ་ཚོགས་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༡༡ཚེས་༢༨ཉིན་གོང་ཞུས་ཚོགས་པ་དེས་སྣེ་ཁྲིད་པའི་སོག་ཡུལ་གྱི་དད་ལྡན་བ་མི་གྲངས་༦༦ལྷག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་། སེམས་ཀྱི་ཞི་བདེ་བསྐྲུན་པར་ནང་ཆོས་ལས་ལྷག་མེད་པའི་སྐོར་བཀའ་གནང་ཞིང་། ལྷག་ཏུ་དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་སེམས་ཞི་བདེ་སྐྲུན་ཐབས་དང་འབྲེལ་བའི་ནང་པའི་ལྟ་གྲུབ་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་བཀའ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་བླང་དོར་བཀའ་སློབ་སྩལ་བའི་ནང་། ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་དུ་བྱང་ཆུབ་ཀྱི་སེམས་ནི་དམིགས་བསལ་ཅན་ཞིག་ཡིན་པ་དང་། ལྷག་ཏུ་རང་གཞན་གཉིས་ལ་དོན་དམ་གྱི་བདེ་སྐྱིད་ཡོང་བར་བྱང་ཆུབ་སེམས་ཉམས་ལེན་བྱེད་པ་ལས་ལྷག་པ་མེད་པ་མ་ཟད། བྱང་ཆུབ་ཀྱི་སེམས་ནི་སོ་སོའི་གཟུགས་པོའི་འཕྲོད་བསྟེན་གྱི་སྨན་ལྟ་བུ་ཞིག་ཡིན་པས། སོག་ཡུལ་གྱི་ཆོས་གྲོགས་ཚོས་གང་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་དགོས་པ་དང་། རང་གཅེས་འཛིན་གྱི་བསམ་བློ་རྐྱང་རྐྱང་བཏང་བ་ལས། འཛམ་གླིང་འདིའི་ནང་འགྲོ་བ་མི་ཐེར་འབུམ་༧ལྷག་ཡོད་པ་ཚང་མར་བདེ་སྐྱིད་ཡོང་བའི་བསམ་བློ་བཏང་བ་ཡིན་ན། དེ་བས་ཕན་ཐོགས་ཆེ་བ་ཡོད་པ་མ་ཟད། དེ་ཡང་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་བཀའ་གནང་འདུག

Dalai lama mongolia (1).JPG
སྤྱིར་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་སོག་པོ་གཉིས་བར དམིགས་བསལ་འབྲེལ་བ་ཡོད་པ་མ་ཟད། སོག་པོའི་རྒྱལ་པོ་ཨལ་ཏན་ཁངྣ་གྱིས་༧རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ལ་ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་ཀྱང་བསྩལ་ཡོད་པ་ལོ་རྒྱུས་ནང་གསལ་ཡོད་ལ། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤པ་བསྟན་འཛིན་རྒྱ་མཚོ་མཆོག་སོག་ཡུལ་དུ་ཐེངས་འགའ་ཤས་ཆིབས་བསྒྱུར་བསྐྱངས་ཏེ་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་དང་། སྤྱི་ལོ་༢༠༡༦ལོར་ཆིབས་བསྒྱུར་མཐའ་མ་དེ་བསྐྱངས་ཡོད་པ་རེད།
གོང་ཞུས་སོག་ཡུལ་ནས་ཕེབས་པའི་མཇལ་བཅར་བ་མང་ཆེ་བ་ཚོང་པ་ཡིན་པ་དང་། ཁོང་རྣམས་ད་རེས་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ནང་པའི་སེམས་ཁམས་རིག་པའི་ཟབ་སྦྱོང་དུ་ཆེད་བཅར་ཞུས་པ་ཞིག་ཡིན་འདུག་ཅིང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། དེ་སྔོན་སྤྱི་ཟླ་༣པའི་ནང་ཁོང་ཚོས་གོ་སྒྲིག་གནང་བའི་སེམས་ཁམས་རིག་པ་དང་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་དེ་ཧ་ཅང་གི་ལམ་ལྷོང་བྱུང་བའི་རྗེས་འབྲས་སུ། ད་རེས་སོག་ཡུལ་ནས་ཚོང་པའི་རུ་ཁག་འདི་བཞུགས་སྒར་ཁུལ་དུ་འཁྲིད་ཡོང་སྟེ། ལས་གཞི་ཐེངས་གཉིས་པ་དེ་སྤེལ་གྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སོག་པོའི་དད་ལྡན་བ་སྐུ་ཞབས་(Usukhbayar Munksaikhan)་ལགས་ཀྱིས། ད་རེས་༧གོང་ས་མཆོག་གི་གསེར་ཞལ་དངོས་སུ་མཇལ་བ་ཐེངས་དང་པོ་ཡིན། ལོ་མང་གོང་ནས་འདི་ལྟ་བུའི་གོ་སྐབས་ཁྱད་པར་ཅན་དེ་སྒུག་ནས་བསྡད་ཡིན། ད་རེས་ངའི་རྨི་ལམ་མངོན་འགྱུར་བྱུང་སོང་བས། དགའ་ཚོར་དཔག་ཏུ་མེད་པ་སྐྱེས་བྱུང་ལ། སོག་པོའི་ནང་དུ་ང་ལྟ་བུ་སྐལ་བཟང་གི་གོ་སྐབས་རེ་སྒུག་བྱེད་མཁན་མང་དག་ཅིག་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

Dalai lama mongolia (3).JPG
ཡང་སོག་པོའི་མཇལ་བཅར་བ་སྐུ་ཞབས་(Amartuvshin Tumennasan)་ལགས་ཀྱིས། ང་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཞལ་དངོས་སུ་མཇལ་་བ་ད་རེས་ཐེངས་དང་པོ་ཡིན་པས། དགའ་ཚོར་ཆེན་པོ་བྱུང་སོང་ལ་། གང་ཉིད་མཆོག་མཇལ་མ་ཐག་ཏུ་རང་བཞིན་གྱི་སེམས་ནང་ཞི་བདེ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་དེ་སྔོན་ལྷ་སར་ཆགས་པའི་འབྲས་སྤུང་སྒོ་མང་གྲྭ་ཚང་དུ་སོག་ཡུལ་ནས་ཆོས་ཞུ་བ་དང་སློབ་གཉེར་བྱེད་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་བཞིན། བོད་མི་རྣམས་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་ཡང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་འབྲས་སྤུང་སྒོ་མང་གྲྭ་ཚང་གཙོ་བོར་བྱས་པའི་གདན་ས་ཁག་གི་ནང་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་འགའ་ཤས་ཀྱིས་སློབ་གཉེར་གནང་མུས་ཡིན་པ་མ་ཟད། རིང་མིན་སྤྱི་ཟླ་༡༡ཚེས་༣༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཐུན་མོང་ནས་བཞུགས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎