སྐལ་བཟང་བསོད་ནམས་ལཊ་མི་ལོ་དགུའི་རྗེས་ནས་བཙོན་གྲོལ་བྱུང་བ།


2015.10.28
བཙོན་གྲོལ་བྱུང་མ་ཐག་པའི་སྐལ་བཟང་བསོད་ནམས་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་གཉིས་མཉམ་དུ། ༢༠༡༥།༡༠།༢༨ བཙོན་གྲོལ་བྱུང་མ་ཐག་པའི་སྐལ་བཟང་བསོད་ནམས་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་གཉིས་མཉམ་དུ། ༢༠༡༥།༡༠།༢༨
ཨ་རིག་འགྱུར་མེད།

རྩོམ་པ་པོ་ཨ་རིག་སྒྲོལ་མ་སྐྱབས་ཀྱིས་བཙོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་བྲིས་པའི་ཡི་གེ་ཕྱི་རུ་གཏོང་མཁན་བཙོན་གྲོལ་བྱུང་བ།
དེ་ཡང་དེ་སྔ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་འོག་ལོ་བཅུ་དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་སྐལ་བཟང་བསོད་ནམས་སམ་སྙུག་མིང་ལ་གངས་དཔལ་འབོད་པ་ཁོང་ཁ་སང་ཕྱི་ལོ༢༠༡༥ལོའི་ཟླ་བཅུ་བའི་ཚེས༢༧ཉིན་རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག
ཨ་རིག་འགྱུར་མེད་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན་ལྟར་ན། ཁོང་ནི་ཉེ་ལམ་གློད་གྲོལ་ཐོབ་པའི་རྩོམ་པ་པོ་ཨ་རིག་སྒྲོལ་མ་སྐྱབས་ཀྱིས་བཙོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་བྲིས་པའི་ཡི་གེ་ཕྱི་རུ་གཏོང་མཁན་ཡིན་སྟབས། ཕྱི་ལོ་༢༠༠༦ལོར་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་འཇུ་བཟུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག ལོ་བཅུ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡིན་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ཁ་སང་ཚེས༢༧ཉིན་ཟི་ལིང་ནས་གློད་གྲོལ་བཏང་རྗེས་ཨ་རིག་ཡུལ་ཚོའི་ཁྲིམས་འཛིན་ལས་ཁུངས་ཀྱི་མི་གཉིས་ལེན་དུ་ཕྱིན་ཏེ། ཞོགས་པའི་ཆུ་ཚོད་༩བའི་སྟེང་ཟི་ལིང་ནས་ལམ་ལ་ཆས་ཏེ་ཉིན་རྒྱབ་ཆུ་ཚོད་༢སྟེང་དུ་མདོ་ལ་རྫོང་དུ་འབྱོར་ཡོད་པ་དང་། དེ་ནས་ཉེན་རྟོག་མི་སྣས་གསང་སྟབས་ཀྱིས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་འདུག
འབྲེལ་ཡོད་མི་སྣས་བརྗོད་དོན། སྐབས་དེར་ཕ་མ་གཉེན་ཉེ་གཙོས་ཡུལ་མི་རྣམས་ཀྱིས་ལམ་བར་དུ་ཁོང་ལ་ཕེབས་སྒུག་བྱས་ཡོད་ཀྱང་། འབྲེལ་ཡོད་མི་སྣས་ཐག་རིང་ན་ཡོང་གི་ཡོད་སྟབས་ལམ་སང་ནང་དུ་འབྱོར་ཐུབ་ཀྱི་མེད་སྐོར་བརྗོད་དེ། ཚང་མར་མགོ་སྐོར་བཏང་ནས་ནང་དུ་མ་འབྱོར་བར་དུས་ཚོད་ཏག་ཏག་བཤད་མེད། དེར་བརྟེན་མང་ཚོགས་ཀྱིས་ཕེབས་བསུའི་སྣེ་ལེན་བྱེད་ཐུབ་མེད་ཀྱང་། ཁོང་རང་ཁྱིམ་དུ་འབྱོར་རྗེས་ས་གནས་ཀྱི་བོད་རིགས་མང་ཚོགས་ཁོང་ལ་ལྟ་རུ་བསྐྱོད་དང་སྐྱོད་བཞིན་པར་མ་ཟད། དེ་རིང་ཚེས་༢༨ཉིན་ཨ་རིག་སྒྲོལ་མ་སྐྱབས་ལགས་ཀྱང་ཁོང་ལ་ལྟ་རུ་ཕེབས་ཡོད་འདུག སྤྱིར་ཁོང་ལ་ལོ་བཅུ་དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ལོ་གཅིག་ཙམ་ཉུང་འཕྲིའི་གུ་ཡངས་ཐོབ་སྟེ་སྔ་བསྣུར་གྱིས་བཙོན་གྲོལ་ཐོབ་པ་ཡིན་འདུག
ཉེ་བའི་སྤྱི་ཟླ་༡༠བའི་ཚེས་༨ཉིན། ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་བའི་དཔེ་དེབ་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་དེ་སྔོན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་བཙུགས་ནས་ལོ་བཅུ་ཡི་ཁྲིམས་ཆད་བཅད་པའི་རྗེས་བཙོན་གྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་སྐབས་བོད་མི་ཚོས་དགའ་བསུ་བྱས་ཡོད་པ་རེད།
སྐལ་བཟང་བསོད་ནམས་ནི་མཚོ་བྱང་ཁུལ་མདོ་ལ་རྫོང་། ཨ་རིག་ཡུལ་ཚོའི་འགྲམ་ནག་རུ་ཁག་དྲུག་པའི་མི་ཡིན་ཞིང་ད་ལོ་དགུང་ལོ་༣༤ཡིན་འདུག ཁོང་ཆུང་དུས་ནས་བཟུང་ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་གྲྭ་པ་བྱས་ཏེ་ཚོགས་ཀྱི་འདོན་རྟ་དབྱངས་གསུམ་ལ་སྦྱངས། རྗེས་སུ་ཟི་ལིང་དང་སྐུ་འབུམ། རེབ་གོང་རོང་བོ་དགོན་སོགས་སུ་ཕྱིན་ཏེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་ལ་སྦྱང་མྱོང་པར་མ་ཟད། ཟི་ལིང་ནས་དབྱིན་ཡིག་ཀྱང་སྦྱངས། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་དུ་འབྱོར་ཏེ་ལོ་གཅིག་ལྷག་གི་རིང་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་སྦྱོང་གནང་མཐར་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎