བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྐྱེན་བྱས་ནས་བཀག་ཉར་དང་དམ་དྲག
2020.05.11
བོད་མི་བྱམས་པ་བསོད་ནམས་ལགས་ཀྱི་ཁ་པར་དུ་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་བར་བརྟེན་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པའི་མ་ཚད་དེང་སྐབས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ནན་པོ་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཆ་བགོས་བྱས་པ། ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་རྫོང་གི་སྟོང་འབར་ཡུལ་ཚོའི་གླ་ཆུ་གྲོང་སྡེ་ནས་ཡིན་པ། བོད་མི་བྱམས་པ་བསོད་ནམས་ལགས་དེ་སྔ་སྤྱི་ལོ་༢༠༡༢་ལོར་ལྷ་སར་སྟར་ཀ་ཚོང་བསྒྱུར་དུ་འགྲོ་སྐབས། ལྷ་ས་གྲོང་ཁྱེར་གྱི་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོང་གི་ཁ་པར་གང་བྱུང་སྔོག་བཤེར་བྱས་སྐབས། ཁ་པར་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་ཡོད་པ་ལག་སོན་བྱུང་བར་བརྟེན། སྤྱི་ལོ་༢༠༡༢་ལོའི་སྤྱི་ཟླ་༡༡་པའི་ཚེས་༢༠་ནང་ཁོང་ཉིན་གྲངས་ལྔའི་རིང་བཀག་ཉར་བྱས་ཡོད་པ་དང་། དེ་ནས་རྒྱ་ནག་གི་ཉེན་རྟོག་པས་ཁོང་ཁ་བྲལ་རིང་ལུགས་པ་དང་། ཏཱ་ལའི་བླ་མའི་རྗེས་འཇུག་པ་ཡིན་ཚུལ་གྱིས་འདས་བའི་མི་ལོ་བརྒྱད་ཀྱི་རིང་ཁོང་གི་འགྲོ་འདུག་སྤྱོད་གསུམ་ཐོག་དམ་དྲག་དང་ལྟ་རྟོགས་ཤུགས་ཆེ་བྱེད་བཞིན་པ་དང་། བྱམས་པ་བསོད་ནམས་ལགས་ས་ཆ་གང་དུ་འགྲོ་དགོས་ཚེ་ས་གནས་རྒྱ་ནག་གཞུང་གི་རྫོང་དང་ཡུལ་ཚོ་འམ་ཤང་རིམ་པ་བཅས་སུ་ཡར་ཞུ་བྱེད་དགོས་པ། ཁ་ཎ་ཊའི་ནང་གནས་སྡོད་བོད་མི་བློ་བཟང་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་གི་ཚ་བ་མཛོ་སྒང་རྫོང་ནས་ཡིན་པ་བྱམས་པ་བསོད་ནམས་ལགས་འཛིན་བཟུང་སྐབས། ཉེན་རྟོག་ལས་ཁུངས་ཀྱི་ཡིག་ཆ་ཁག་ཅིག་འདི་གར་མཁོ་སྤྲོད་བྱུང་བ་ལྟར་ན། ད་ལོ་ཁོང་དགུང་ལོ་༥༩་ཙམ་ཡིན་པ་རེད་འདུག
བོད་ནང་གི་བོད་མི་ཚོར་ཁྱིམ་དུ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་དང་། སྐེ་ལ་འདོགས་པ། ཁ་པར་ནང་ཉར་ཚགས་བྱེད་པ་སོགས་ཀྱི་རང་དབང་མེད་པ་དང་། རྒྱ་ནག་གི་ཉེན་རྟོག་པས་སྔོག་གཤེར་སྐབས་སྐུ་པར་ལག་སོན་བྱུང་ནས་འཛིན་བཟུང་བཀག་ཉར་དང་། བཙོན་འཇུག་བྱས་བའི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་རེད།