བསོད་ནམས་དར་རྒྱས་ལགས་མི་ལོ་ལྔའི་བཙོན་འཇུག་རྗེས་བཙོན་གྲོལ་བྱུང་འདུག


2020.04.06
རྔ་སྟོད་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ༢༠༡༥།༢།༤ རྔ་སྟོད་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ༢༠༡༥།༢།༤
བོད་འབྱོར།

རྒྱ་ནག་གཞུང་གིས་ལོ་ལྔ་རིང་བཙོན་འཇུག་བྱས་པའི་མདོ་སྨད་རྔ་བ་རྫོང་བསུ་བ་སྡེ་བའི་བསོད་ནམས་དར་རྒྱས་ལགས་བཙོན་གྲོལ་བྱུང་ནས་རང་ཁྱིམ་དུ་ལོག་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་སྤྱི་ལོ་༢༠༡༥་ལོར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་མི་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི། མདོ་སྨད་རྔ་བ་རྫོང་བསུ་བ་སྡེ་བའི་བསོད་ནམས་དར་རྒྱས་ལགས་ཟླ་འདིའི་ཚེས་བཞི་ཉིན་བཙོན་འཇུག་དུས་ཡུན་ཚང་ནས་བཙོན་གྲོལ་བྱུང་བ་དང་། རྔ་བ་རྫོང་བསུ་བ་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་འདུག གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན། ཕར་བལྟས་ཚོད་ལ་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པ་འདྲ་བོ་འདུག ཡིན་ནའང་ཁོང་གི་ནང་མིས་ཁོང་གི་སྐུ་གཟུགས་གནས་སྟངས་ལ་སྨན་ཁང་དུ་བརྟག་དཔྱད་བྱེད་འཆར་ཡོད་འདུག
བསོད་ནམས་དར་རྒྱས་ལགས་ཀྱིས་དེ་སྔ་མགོ་ལོག་པདྨ་རྫོང་ཐོག་ཏུ་ཚོང་ཁང་ཞིག་ཕྱེས་ནས་ཚོང་ལས་བྱེད་བཞིན་ཡོད་པ་དང་། ལོ་དེའི་ཟླ་བཞི་བའི་ཟླ་མཇུག་ཙམ་ལ། ཚོང་ཁང་གི་ཆེད་ཚོང་རྫས་ལེན་དུ་རྔ་བ་རྫོང་ཐོག་དུ་བསྐྱོད་སྐབས། དེའི་སྔོན་༢༠༡༥་ལོའི་རྔ་བ་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་བཞིའི་འཆམ་གྱི་ཉིན། འཛམ་གླིང་ཞི་བདེའི་དར་ཆའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ།  སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གསུམ་ཀྱི་སྐུ་པར་སྦྱར་བའི་གནད་དོན་བྱུང་བ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག རྔ་བ་རྫོང་གི་ཚོང་ར་ནས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
གོང་གི་བསོད་ནམས་དར་རྒྱས་ལགས་ནི་རྔ་བ་རྫོང་བསུ་བ་སྡེ་བའི་ཕ་མཆོག་གོ་དང་མ་རི་ལུ་གཉིས་ཀྱི་བུ་ཡིན་པ་དང་། བཟའ་ཟླ་དབྱངས་འཛོམས་དང་ཁོང་གཉིས་ཀྱིས་སྐབས་དེར་མགོ་ལོག་པདྨ་རྫོང་ཐོག་དུ་ཚོང་ཁང་ཞིག་ཕྱེས་ནས་འཚོ་ཐབས་བྱེད་བཞིན་པར་བྱིས་པ་གསུམ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎