བཀའ་ཁྲི་མཆོག་དབྱིན་ཡུལ་དུ་འཚམས་འདྲིར་ཕེབས་འབྱོར།
2011.12.02
༄༅༎བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་མཆོག་ཡོ་རོབ་རྒྱལ་ཁབ་ཁག་བདུན་ནང་གི་འཚམས་འདྲི་མཐའ་མ་དེ་ཕྱི་ཟླ་༡༢ པའི་ཚེས་༣༠ ཉིན་དབྱིན་ཇིའི་ཡུལ་དུ་ཕེབས་ཡོད་པ་ལྟར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་བ་དང༌། གསར་འགྱུར་ལས་རིགས་ཁག་ལ་བཅར་འདྲི་དང་ལེན་གནང་ཡོད་པ་རེད།
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཕྱི་ཟླ་བཅིུས་པའི་ཚེས་༡ ཉིན་དབྱིན་ཇིའི་ཉིན་རེའི་ཚགས་པར་དང༌། ཕྱི་སྲིད་དུས་དེབ་ཅེས་པའི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བ་དང༌། དེ་རྗེས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྔ་ཡི་སྐུ་ཚབ་དང་མཇལ་འཕྲད་གནང་ཡོད་པ་རེད། སྐབས་དེར་ཁོང་གིས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོ་ལས་དོན་ཐོག་མཉམ་ལས་གནང་དགོས་པ་དང༌། ད་བར་དུ་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞུས་གནང་ཡོད་བ་དང༌། དེ་རྗེས་ཉིན་གུང་རྒྱབ་ཏུ་དབྱིན་ཡུལ་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་བློན་ཆེན་སྐུ་ཞབས་ཀེ་རི་མེཀ་ཁའར་ཐི་དང་མཇལ་འཕྲད་གནང་སྟེ། བར་ལམ་བོད་ནང་དུ་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེ་བསྲེག་བཏང་བའི་ཛ་དྲག་གི་དོན་རྐྱེན་སྐོར་གླེང་མོལ་གནང་བ་དང༌། བཀའ་བློན་ཁྲི་པ་མཆོག་གིས་བོད་མི་རང་ལུས་མེ་བསྲེག་བཏང་བ་དེ་དག་ནི་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་དང༌། ཁོང་ཚོས་ལམ་དེ་འདྲ་ཞིག་ཐོག་བསྐྱོད་དགོས་དོན་ནི། འཛམ་གླིང་ཐོག་བོད་ཀྱི་ཡ་ང་བའི་གནས་སྟངས་དོ་སྣང་ཡོང་ཐབས་དང༌། བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་ཆེད་དུ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རྗེས་བཀའ་བློན་ཁྲི་པ་མཆོག་གིས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་དང་མཇལ་འཕྲད་གནང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་ནི་དབུ་མའི་ལམ་གྱི་སྲིད་ཇུས་དང༌། འཚེ་མེད་ཞི་བའི་ཐབས་ལམ་གཉིས་ལ་འགྱུར་བ་མེད་པའི་སྐོར་དང༌། ལྷག་པར་དུ་བོད་མིའི་ཕྱོགས་ནས་རྒྱ་བོད་འབྲེལ་མོལ་མུ་མཐུད་བྱ་རྒྱུར་དུས་ཚོད་ག་དུས་དང་ས་ཆ་གང་དུ་ཡིན་རུང་གྲ་སྒྲིག་ཡོད་ཅེས་དང༌། བོད་ནང་དུ་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བ་སོགས་གནས་ཚུལ་ཞིབ་ཕྲ་བཀའ་མོལ་གནང་ཡོད་ཅིང༌། དེ་རྗེས་དབྱིན་ཇིའི་སྐད་གྲགས་ཆེ་བའི་སྦི་སྦི་སི་ཡི་རྒྱ་ཡིག་ཚན་པས་སྐར་མ་བཞི་བཅུའི་རིང་བཀའ་འདྲི་ཞུས་ཡོད་པ་རེད།