རྒྱ་གར་གྱིས་འཕགས་བོད་ས་མཚམས་སུ་མཐའ་སྲུང་ས་ཚིགས་གསར་པ་བཞི་བཅུ་བཙུགས་ནས་ལྟ་སྲུང་བྱེད་ཤུགས་ཆེ་རུ་བཏང་འདུག
དེ་ཡང་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་བདེ་སྲུང་དཔོན་རིགས་ཤིག་གིས། རྒྱ་ནག་གི་ས་མཚམས་དམག་དཔུང་གིས་འཕགས་བོད་ས་མཚམས་ཀྱི་ས་ཁུལ་མང་པོར་མཐའ་སྲུང་ས་ཚིགས་བཙུགས་ཡོད་པ་མ་ཟད། རྟེན་གཞི་འཛུགས་སྐྲུན་རྒྱ་སྐྱེད་བཏང་བར་བརྟེན། དེའི་དོན་དངོས་ཀྱི་གནས་སྟངས་ལ་གཟིགས་ཏེ་རྒྱ་གར་གྱིས་འཕགས་བོད་ས་མཚམས་ཉེན་རྟོག་དམག་དཔུང་གིས་ལ་དྭགས་ནས་ཨ་རུ་ན་ཅལ་མངའ་སྡེ་བར་བོད་དང་ས་མཚམས་འཁེལ་ཡུལ་དུ་མཐའ་སྲུང་ས་ཚིགས་གསར་པ་བཞི་བཅུ་བཙུགས་ནས་ས་མཚམས་ཁུལ་དུ་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཐག་གཅོད་གནང་བ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ལུགས་རྒྱ་གར་གྱི་ (Telegraph) གསར་ཁང་གིས་ལུང་འདྲེན་གནང་འདུག
ཡང་རྒྱ་གར་གྱི་དཔོན་རིགས་དེས་རྒྱ་ནག་གི་དམག་དཔུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་འབྲས་ལྗོངས་ཀྱི་ས་མཚམས་སུ་དམག་མི་མང་པོ་དུ་འགྲེམས་འཇོག་བྱེད་མུས་ཡིན་པ་དང་། ངོ་ཚ་མེད་པའི་ཐོག་ནས་བཙན་འཛུལ་གྱི་རྣམ་པ་ཡང་སྟོན་བཞིན་ཡོད་པ་ནི། འདས་པའི་ལོ་གཉིས་ཙམ་རིང་ས་ཁུལ་དེར་རྒྱ་ནག་གི་དམག་མིས་བཙན་འཛུལ་ཐེངས་མང་བྱས་པའི་རྐྱེན་གྱིས་གདོང་ཐུག་དྲག་པོ་བྱུང་ཡོད་ཅེས་གསུངས་འདུག
དེར་བརྟེན་རྒྱ་གར་གྱི་ས་མཚམས་སྲུང་དམག་གིས་བོད་དང་རྒྱ་གར་བར་གྱི་ (LAC) ཟེར་བའི་དངོས་གཞིའི་སྟངས་འཛིན་ས་ཐིག་ཀྱི་ཉེ་འཁོར་དུ་མཐའ་སྲུང་གི་སྒར་ས་བཞི་བཅུ་ཙམ་བཙུགས་ཡོད་པ་དེས་སྐོར་སྲུང་རུ་ཁག་སོ་སོའི་ས་སྲུང་གི་སྒར་ས་ནས་སྐོར་སྲུང་གི་ལས་དོན་སྤེལ་བར་ལམ་ཐག་སྤྱི་ལེ་ ༡༥ ནས་ ༤༠ བར་སྐྱོད་དགོས་པའི་དཀའ་ངལ་སེལ་ཐུབ་ཀྱི་ཡོད་ཅིང་། དེའི་སྐོར་ལ་རྒྱ་གར་གྱི་ (ITBP) ཞེས་པའི་ཧིན་བོད་ས་མཚམས་ཉེན་རྟོག་དཔུང་སྡེའི་དཔོན་རིགས་ཤིག་གིས། ས་མཚམས་དང་ཉེ་བའི་ས་ཁུལ་དུ་མཐའ་སྲུང་ས་ཚིགས་གསར་འཛུགས་བྱས་པ་དེས་མཐའ་སྲུང་དམག་དཔུང་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་པར་ཕན་ཐོགས་བྱུང་ཡོད་ལ་ས་ཁུལ་དེའི་རྒྱུད་དུ་དོགས་ཟོན་ཆེར་སྐྱེད་བྱེད་ཐུབ་པ་བྱུང་ཡོད། སྒར་ས་དེ་དག་ནི་རྒྱ་ནག་གཞུང་གིས་ས་མཚམས་ལས་བརྒལ་ནས་བཙན་འཛུལ་བྱེད་སླ་བའི་ཉེན་ཚབས་ཅན་གྱི་ས་ཁུལ་དེ་དག་གི་ཕྱི་རོལ་དུ་བཙུགས་ཡོད་པ་མ་ཟད། མཐའ་མཚམས་ཁུལ་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏོང་ཆེད་དུ་རྟ་དབང་ཁུལ་དུ་སྒར་ས་འཕར་མ་བཙུགས་ཡོད་པའི་སྐོར་གསུངས་འདུག
རྒྱ་གར་དང་རྒྱ་ནག་གཉིས་ཟེར་བའི་བོད་དང་རྒྱ་གར་བར་གྱི་དངོས་གཞིའི་སྟངས་འཛིན་ས་ཐིག་ཏེ་ (LAC) ཐོག་ས་མཚམས་ཀྱི་ས་ཁུལ་མང་པོའི་ནང་ལྟ་སྟངས་མི་འདྲ་བ་ཡོད་པ་དང་། ཨ་རུ་ན་ཅལ་མངའ་སྡེའམ་རྟ་དབང་གི་ས་ཁོངས་ཁ་ཤས་ནང་ཕྱོགས་གཉིས་པོས་སོ་སོའི་བདག་དབང་ས་ཐིག་གི་ས་ཁོངས་སུ་སྐོར་གཡེང་བྱེད་སྐབས་རྒྱུན་དུ་ཕན་ཚུན་གདོང་ཐུག་ཡོང་གི་ཡོད་པ་རེད།
(ITBP) འམ་ཧིན་བོད་ས་མཚམས་ཉེན་རྟོག་དམག་དཔུང་གིས་རྒྱ་གར་ལ་དྭགས་དང་ཨུ་ཏར་ཁནཌ། ཧི་མ་ཅལ་མངའ་སྡེ། འབྲས་ལྗོངས་དང་ཨ་རུ་ཎ་ཅལ་མངའ་སྡེ་བཅས་ཀྱི་བོད་དང་ས་མཚམས་ཁེལ་སའི་ས་མཚམས་ཁྱོན་སྤྱི་ལེ་ ༣༤༨༨ ཙམ་གྱི་ས་སྲུང་གི་འགན་འཁྱེར་བཞིན་ཡོད་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།