རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་མཇལ་འཕྲད་ཀྱིས་ས་མཚམས་ཀྱི་དཀའ་རྙོག་ཐད་གྲོས་མོལ་བྱས་འདུག

དེ་ཡང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་ཨ་ཇིཏ་ཌོ་ཝལ་( Ajit Doval) ལགས་ཀྱིས་སྣེ་ཁྲིད་པའི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཞིག་བདུན་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་གྱིས་འདི་ཚེས་༡༨་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་མཇལ་འཕྲད་གནང་ཡོད་པ་དང་། ཕྱོགས་གཉིས་ཀྱི་དཔོན་རིགས་སྐུ་ཚབ་མཇལ་འཕྲད་སྐབས་རྒྱ་ནག་གི་ངོས་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བ་དང་། ས་མཚམས་ཞི་འཇགས་དང་འབྲེལ་བའི་གྲོས་མོལ་གནང་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཇེན་ཡིས་གསར་འགོད་ལྷན་ཚོགས་ཐོག ཉེ་ཆར་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ར་ཤེ་ཡའི་གྲོང་ཁྱེར་ཀ་ཛན་དུ་མཇལ་འཕྲད་གནང་བའི་སྐབས་གྲོས་མཐུན་བྱུང་བ་བཞིན་ང་ཚོ་རྒྱལ་ཁབ་གཉིས་བར་ས་མཚམས་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་ཀའི་ཞི་བདེ་ལྷིང་འཇགས་དང་། ཁེ་ཕན་གཞི་ལ་བཞག་པའི་ཐོག་ནས་གཉིས་མོས་ཀྱི་ཐབས་ལམ་ཞིག་འཚོལ་ཏེ་འདུམ་འགྲིག་བྱེད་རྒྱུར་ང་ཚོར་འདུན་པ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག
སྤྱིར་བཏང་ལོ་འདིའི་ཕྱི་ཟླ་བཅུ་པའི་ནང་། སྲིད་འཛིན་ཞི་ཅིན་པིང་དང་སྲིད་བློན་ན་རན་རྡར་མོ་དྷིས་རྣམ་གཉིས་ར་ཤེ་ཡའི་ནང་ཚོགས་འདུ་ཞིག་གི་ཞོར་དུ་མཇལ་འཕྲད་གནང་བའི་སྐབས་སུ་དངོས་གཞིའི་སྟངས་འཛིན་ས་ཐིག་ས་མཚམས་སུ་དཔུང་འཇོག་བྱས་པའི་དམག་མི་རྣམས་ཕྱིར་བཤོལ་བྱེད་རྒྱུའི་མཚོན་ཟིང་ཆ་མི་ཡོང་བའི་གྲོས་མཐུན་བྱུང་བ་ལྟར་རྒྱ་གར་གྱི་ལ་དྭགས་ས་མཚམས་ཀྱི་ལྡེམ་ལྕོག་དང་ལྡེབ་སང་གཉིས་ནས་དམག་མི་ཕྱིར་བཤོལ་བྱས་ཡོད་འདུག
རྒྱ་གར་དང་རྒྱ་ནག་གཉིས་བར་དེ་སྔ་ཕྱི་ལོ་༢༠༢༠ ལོར་འཁོན་འཁྲུགས་བྱུང་བ་ནས་བཟུང་། ཡུལ་གཉིས་བར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་ཉེ་ཆར་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་མཇལ་འཕྲད་གྲོས་མོལ་དང་ད་རེས་རྒྱལ་སྲུང་སློབ་སྟོན་པའི་སྐུ་ཚབ་རྣམས་ཆེད་མངགས་རྒྱ་ནག་ལ་ཕེབས་པ་སོགས་ཀྱིས་མཇལ་འཕྲད་འདི་གནད་དགག་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ཝི་ན་ཡཀ་ སྦཊ་ (Vinayak Bhatt) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་ལྟའི་ཆར་རྒྱ་ནག་གི་དམག་མི་རྣམས་ནས་འཛེམས་ཟོན་མེད་པར་ས་མཚམས་བརྒལ་ཏེ་རྒྱ་གར་གྱི་ས་ཁུལ་དུ་འཛུལ་བཞིན་ཡོད་པས། གྲོས་མོལ་དེ་བརྒྱུད། རྒྱ་ནག་གི་དམག་དཔུང་རྣམས་༢༠༢༠ ལོའི་སྔོན་གྱི་ས་ཁུལ་དུ་ཕྱིར་འཐེན་གྱི་ཐག་གཅོད་དགོས་ཤིང་། དེ་ལྟར་བྱུང་ན་རྒྱ་གར་མི་མང་རྣམས་དགའ་འོས་པའི་གནས་སྟངས་ཤིག་ཆགས་སྲིད་ཀྱང་། འདས་པའི་ཉམས་མྱོང་ཁྲོད་རྒྱ་ནག་ནི་ཁ་དན་ཚིག་ལ་མི་གནས་མཁན་ཡིན་པ་གསལ་པོ་ཡིན་སྟབས་རྒྱ་ནག་གི་ཁ་ཙམ་ཚིག་ཙམ་གྱི་སྐད་ཆ་ལས་དོན་དངོས་ཀྱི་བྱ་སྤྱོད་ལ་གཞིགས་ནས་གོམ་པ་མདུན་བསྐྱོད་བྱ་དགོས་ཅེས་དང་། ད་ཆ་དཀའ་རྙོག་ཅན་གྱི་ས་མཚམས་དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པ་ལས། རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་འབྲེལ་བ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྩ་བའི་ཟླ་ཤས་སྔོན་རྒྱ་གར་གྱི་སྲིད་བློན་ན་རེནདྲ་མོ་དྷི་ (Narendra Modi) དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་(BRICS)་ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཞོར་དུ་ཐུག་འཕྲད་མ་བྱུང་སྔོན། ས་མཚམས་ཀྱི་བཀའ་མོལ་རིམ་བཞིན་འགོ་བཙུགས་ཡོད་པ་རེད།
སྤྱི་ལོ་༢༠༢༠ཕྱི་ཟླ་༦པའི་ཚེས་༡༥ཉིན་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་༢༠དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་༤ཡི་ཚེ་སྲོག་ཤོར་རྗེས། ཕྱོགས་གཉིས་ཀྱིས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དང་། ས་མཚམས་རྩོད་རྙོག་གི་གནད་དོན་ཞི་འགྲིག་མ་ཐུབ་པར་གནས་སྟངས་ཇེ་སྡུག་ཏུ་སོང་བ་དང་། ཕྱོགས་གཉིས་ཀྱི་དམག་དཔུང་དང་མཐོ་རིམ་འགོ་ཁྲིད་བར་གྲོས་མོལ་ཐེངས་མང་བྱས་ཀྱང་ད་བར་གྲུབ་འབྲས་དམིགས་བསལ་སོན་མེད་པ་རེད་ལ། རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་མཉེན་ཆས་མང་པོ་བཀག་འགོག་དང་། རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱེད་མཚམས་བཞག་པ། ཕྱོགས་གཉིས་ཀས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་བ་འཛུགས་སྐྲུན་བྱས་ཏེ་མཐའ་མཚམས་སུ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།