རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཐད་རེ་བ་བཟང་པོ་བྱེད་ཆོག་ཀྱང་རྒྱ་ནག་ལ་བློ་འགེལ་མི་རུང་ཞེས། རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པས་གསུངས་སོང་།

2024.12.17
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཐད་རེ་བ་བཟང་པོ་བྱེད་ཆོག་ཀྱང་རྒྱ་ནག་ལ་བློ་འགེལ་མི་རུང་ཞེས། རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པས་གསུངས་སོང་། རྒྱ་གར་ལ་དྭགས་ཕྱོགས་ཀྱི་རྒྱ་གར་གྱི་དམག་མི། ༢༠༢༠།༠༦།༡༨ ཉིན།
Reuters

འདས་པའི་ལོ་ཤས་ནས་བཟུང་རྒྱ་དཀར་ནག་གཉིས་དབར་ཧིན་བོད་ས་མཚམས་ཁུལ་དུ། དམག་མིས་གདོང་ཐུག་དང་རྩོད་རྙོག་རིམ་པར་བྱུང་སྟེ། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་དྲག་ཆས་དམག་མི་གཙོས་གོ་མཚོན་རིགས་འགྲེམས་འཇོག་ཤུགས་ཆེར་བྱེད་བཞིན་པའི་གནས་སྟངས་འཕྲད་ཡོད་པ་བཞིན། ཐེངས་འདིར་ལོ་ལྔའི་རྗེས་སུ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ (Wang Yi) དང་རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ (Ajit Doval) བར་ས་མཚམས་ཀྱི་གནད་དོན་དང་འབྲེལ་བའི་ཆེས་མཐོའི་གྲོས་མོལ་ཐེངས་དང་པོ་དེ་བཞིན། ཟླ་འདིའི་ཚེས་ ༡༨ ཉིན་གནང་རྒྱུ་ཡིན་པའི་གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ (Vinayak Bhatt) ལགས་ནས། ད་ལྟའི་ཆར་རྒྱ་ནག་གི་དམག་མི་རྣམས་ནས་འཛེམས་ཟོན་མེད་པར་ས་མཚམས་བརྒལ་ཏེ་རྒྱ་གར་གྱི་ས་ཁུལ་དུ་འཛུལ་བཞིན་ཡོད་པས། གྲོས་མོལ་དེའི་བརྒྱུད། རྒྱ་ནག་གི་དམག་དཔུང་རྣམས་ ༢༠༢༠ ལོའི་སྔོན་གྱི་ས་ཁུལ་དུ་ཕྱིར་འཐེན་གྱི་ཐག་གཅོད་དགོས་ཤིང་། དེ་ལྟར་བྱུང་ན་རྒྱ་གར་མི་མང་རྣམས་དགའ་འོས་པའི་གནས་སྟངས་ཤིག་ཆགས་སྲིད་ཀྱང་། འདས་པའི་ཉམས་མྱོང་ཁྲོད་རྒྱ་ནག་ནི་ཁ་དན་ཚིག་ལ་མི་གནས་མཁན་ཡིན་པ་གསལ་པོ་ཡིན་སྟབས་རྒྱ་ནག་གི་ཁ་ཙམ་ཚིག་ཙམ་གྱི་སྐད་ཆ་ལས་དོན་དངོས་ཀྱི་བྱ་སྤྱོད་ལ་གཞིགས་ནས་གོམ་པ་མདུན་བསྐྱོད་བྱ་དགོས་ཞེས་འགྲེལ་བརྗོད་གནང་བྱུང་།

དམག་སྤྱི་ཟུར་པ་ (Vinayak Bhatt) ལགས་ཀྱིས་མུ་མཐུད། ད་ཆ་དཀའ་རྙོག་ཅན་གྱི་ས་མཚམས་དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པ་ལས།རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་འབྲེལ་བ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། རྒྱ་དཀར་ནག་གཉིས་ཀ་རྡུལ་ཕྲན་མཚོན་ཆ་ལྡན་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། དམག་འཁྲུག་སོགས་ལ་བརྟེན་རྒྱལ་ཁབ་ཕྱོགས་གཉིས་ཀར་གནོད་སྐྱོན་ཚབས་ཆེ་ཕོག་གི་ཡོད་པར་བརྟེན། རྒྱ་གར་ངོས་ནས་དེ་ལྟར་བྱེད་འདོད་རྩ་བ་ནས་མེད་པ་གསལ་པོ་ཡིན་ཞིང་། ཐེངས་འདིར་རྒྱ་གར་ངོས་ནས་རེ་འདུན་ཚད་ལྡན་ཞིག་བཏོན་གྱི་རེད་ལ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡིས་ནི། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་གཞན་རྣམས་དང་མི་འདྲ་བར། རྒྱ་ནག་ཁོ་ན་ཙམ་མིན་པར་རྒྱལ་ཁབ་གཞན་རྣམས་ཀྱི་ལྟ་ཚུལ་ལ་ངོས་ལེན་མི་བྱེད་ཀྱང་དོ་སྣང་གནང་མཁན་ཞིག་ཡིན་པས། དེའི་ཐད་ང་ཚོས་རེ་བ་བཟང་པོ་བྱེད་ཆོག་ཀྱང་། རྒྱལ་དོན་གྱི་གནད་དོན་ཐད་རེ་བ་ནི་ཐབས་བྱུས་བཟང་པོ་ཞིག་མིན་ཞེས་གསུངས་བྱུང་།

རྩ་བའི་ཟླ་ཤས་སྔོན་རྒྱ་གར་གྱི་སྲིད་བློན་ (Narendra Modi) དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ (BRICS) ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཞོར་དུ་ཐུག་འཕྲད་མ་བྱུང་སྔོན། ས་མཚམས་ཀྱི་བཀའ་མོལ་རིམ་བཞིན་འགོ་བཙུགས་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་ནས་ལ་དྭགས་ཀྱི་གྷལ་ཝན་ལུང་ཁུལ་དུ། ཕྱོགས་གཉིས་ཀྱི་དམག་དཔུང་བར་གདུང་ཐུག་དང་དམག་མིར་ཤི་སྐྱོན་སོགས་ཀྱི་གནད་དོན་དང་འབྲེལ། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དང་། རྒྱ་དཀར་ནག་གཉིས་ནས་འདས་པའི་ལོ་ངོ་བཞི་རིང་ས་མཚམས་རྩོད་རྙོག་གི་གནད་དོན་ཞི་འགྲིག་མ་ཐུབ་པར་ལྷག་ཡོད་རྐྱེན། ཕྱོགས་གཉིས་ཀྱི་དམག་དཔུང་དང་མཐོ་རིམ་འགོ་ཁྲིད་བར་གྲོས་མོལ་ཐེངས་མང་བྱས་ཀྱང་ད་བར་གྲུབ་འབྲས་དམིགས་བསལ་སོན་མེད་པ་རེད་ལ།འདས་པའི་ལོ་ངོ་བཞིའི་རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དང་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་མཉེན་ཆས་མང་པོ་བཀག་འགོག་དང་། རྒྱ་ནག་གི་ཚོང་ཟོག་བཙོང་མཚམས་འཇོག་ཡོད་ཅིང་། ཕྱོགས་གཉིས་ཀས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་བ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་ཐབས་མུ་མཐུད་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎