རྒྱ་གར་བོད་དོན་ཚོགས་པས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ།
2008.12.11
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཁ་ས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་དགོས་པའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་གང་ཆེ་ཞིག་སྤེལ་ཡོད་འདུག
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་འཐུད་འགན་འཛིན་ཨེན་ཀེ་ཏྲི་ཁ་ཡིས་གསུང་བཤད་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ཕྱི་ལོ་༢༠༠༨ལོའི་ཨོ་ལིམ་པིག་གི་རྩེད་འགྲན་དེ་གོ་སྒྲིག་ཞུ་བཅུག་པ་ཡིན་ན་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུར་གུ་ཡངས་ཡོང་རྒྱུའི་རེ་བ་བྱས་ཡོད་ཅེས་དང་ཡིན་ནའང་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཡར་རྒྱས་འགྲོ་རྒྱུའི་ཚབ་སྔར་ལྷག་དྲག་གནོན་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨར་ལྦིན་གརྒ་ཡིས་གསུང་བཤད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་དེ་ཞི་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པ་དང་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་ལ་ཐབས་ལམ་ཞིག་འཚོལ་ཞིབ་ཐུབ་པ་ཡིན་ན་དེས་རྒྱ་དཀར་ནག་གཉིས་ཀྱི་དབར་ཞི་མཐུན་གྱི་འབྲེལ་ལམ་ཡག་པོ་ཞིག་སྐྱོང་ཐུབ་ཀྱི་རེད་ཅེས་གསུངས་ཡོད་པ་རེད།
དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་ངོ་རྒོལ་གྱི་ལས་འགུལ་དེའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པ།ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ།རྒྱ་གར་གཞོན་ནུ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་ཚོགས་མི་མང་པོ་ཞིག་གིས་ངོ་རྒོལ་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་འདུག