རྒྱ་གར་གྱི་དམག་སྤྱི་མ་ནོཇ་མུ་ཀུནཌ་ན་ར་ཝ་ནེ་མཆོག་བལ་ཡུལ་ནང་འཚམས་འདྲིར་ཕེབས་འདུག
2020.11.05

དེ་ཡང་དམག་སྤྱི་ Manoj Mukund Naravane མཆོག་ཁ་ས་གཟའ་ལྷག་པའི་ཉིན་བལ་ཡུལ་ནང་ཕེབས་འབྱོར་བྱུང་ཡོད་པ་དང་ཁུལ་དེར་ཉིན་གྲངས་གསུམ་རིང་འཚམས་གཟིགས་གནང་རྒྱུན་རིང་ཡུལ་གཉིས་དབར་གཙོ་བོ་དམག་དོན་གྱི་འབྲེལ་བ་ཡར་རྒྱས་གཏང་རྒྱུ་ཡིན་ལུགས་གསུངས་འདུག ལྷག་པར་དུ་ད་རེས་དམག་སྤྱིོ་མཆོག་བལ་ཡུལ་ནང་ཕེབས་པའི་སྐབས་བལ་ཡུལ་གྱི་དམག་མི་ཚོར་ད་ལྟའི་ཏོག་དབྱིབས་ནད་འབུའི་རིམས་ནད་སྐབས་སུ་གདོང་ལེན་དང་སྔོན་འགོག་ཆེད་དགོས་མཁོའི་རིགས་མཐུན་འགྱུར་སྦྱོར་སྤྲོད་གནང་ཡོད་འདུག
ད་རིང་གཟའ་ཕུར་བུའི་ཉིན་དམག་སྤྱི་མཆོག་ནས་བལ་ཡུལ་གྱི་དམག་མི་འདས་པོ་ཚོའི་དྲན་རྟེན་ས་ཁུལ་དུ་གུས་བཏུད་ཞུ་བར་ཕེབས་པ་དང་སྐབས་དེར་ཁོང་གི་ལྷན་དུ་བལ་ཡུལ་གྱི་དམག་སྤྱི་ Purna Chandra Thapa ཡང་ཕེབས་ཡོད་པ་རེད་།
ཡང་གོང་ཞུས་གནས་ཚུལ་ནང་གསལ་ལྟར་ན་། བལ་ཡུལ་གྱི་སྲིད་འཛིན་ལྕམ་ Bidya Devi Bhandariམཆོག་གིས་དམག་སྤྱི་ན་ར་ཝ་ནེ་མཆོག་ལ་ཆེ་བསྟོད་ཀྱི་ཚུལ་དུ་དམག་སྤྱིའི་མགོ་གནས་ཀྱི་རྟགས་མ་ཞིག་ཀྱང་འབུལ་བཞེས་གནང་འཆར་ཡོད་འདུག
ད་རེས་རྒྱ་གར་གྱི་དམག་སྤྱི་ན་ར་ཝ་ནེ་མཆོག་བལ་ཡུལ་ལ་རྒྱལ་དོན་འཚམས་གཟིགས་ཕེབས་རྒྱུའི་དུས་ཚོད་འདི་ནི་ཉེ་བའི་ཆར་ཡུལ་གཉིས་ས་མཚམས་བདག་དབང་གི་རྙོག་ཁྲའི་ཐོག་ནས་འབྲེལ་བའི་ཁ་ཕྱོགས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དེ་དག་སེལ་ཐབས་སུ་དམིགས་པ་ཞིག་ཡིན་འདུག
དེའི་གོང་ཙམ་ལ་རྒྱ་གར་གྱི་གསང་བའི་ལས་ཁུངས་སམ་དམག་དོན་ཐོག་ནས་ཉམས་ཞིབ་ཚན་པ་ RAW ཞེས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Samant Kumar Goel མཆོག་བལ་ཡུལ་ནང་ཕེབས་ཏེ་བལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི་མཆོག་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་སོགས་གང་ལྟར་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་གཉིས་ནི་ལོ་ངོ་བརྒྱ་ཕྲག་མང་པོའིོ་གོང་ནས་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་སྤུན་མཚན་མ་ལྟ་བུར་གནས་ཡོད་ཀྱང་། འདས་པའི་ལོ་ཤས་ནང་ཕྱོགས་གཅིག་ནས་རྒྱ་ནག་གིས་བལ་ཡུལ་ནང་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་རྒྱུ་འགོ་བཙུགས་པ་དང་། ཕྱོགས་གཞན་ཞིག་ནས་ས་མཚམས་སུ་ས་ཆའི་བདག་དབང་ཐོག་རྙོག་ཁྲ་བྱུང་བ་སོགས་ཀྱིས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཐེབས་ཡོད་པ་རེད། འོན་ཀྱང་ད་ཆ་ཕྱོགས་གཉིས་ཀའི་ངོས་ནས་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཐབས་བྱེད་བཞིན་ཡོད་འདུག།