༸གོང་ས་མཆོག་ཨ་རུ་ན་ཅལ་ལ་ཆིབས་བསྒྱུར་བསྐྱང་ཆོག་པ།
2009.10.17
༄༅༎རྒྱ་ནག་གིས་དགག་ཆ་བྱེད་མིན་ལ་མ་ལྟོས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པཱར་རྡེཤ་ཁུལ་ཆིབས་བསྒྱུར་གནང་ཆོག་པའི་ཐོབ་ཐང་ཡོད་སྐོར་རྒྱ་གར་གྱིས་བསྐྱར་ནན་གསུངས་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མ་ཨ་རུ་ན་ཅལ་པཱར་རྡེཤ་ཁུལ་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་ཡོད་པ་ལྟར་རྒྱ་ནག་གིས་དེར་དགག་ཆ་བྱས་ཏེ་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་གཞི་སློང་ཐབས་བྱེད་བཞིན་ཡོད་པ་རེད།
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནི་རུ་པ་མ་རའོ་ཡིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་དང་ཆབ་སྲིད་ཀྱི་ལས་དོན་ནང་ཐེ་གཏོགས་གནང་རྒྱུ་མིན་ལུགས་སྐོར་གསུངས་ཏེ་༸གོང་ས་མཆོག་རྒྱ་གར་གྱི་སྐུ་མགྲོན་ཡིན་པ་དང་རྒྱ་གར་གྱི་ས་ཕྱོགས་གང་སར་ཕེབས་ཀྱང་ཕེབས་ཆོག་པའི་རང་དབང་ཆ་ཚང་ཡོག་རེད་ཅེས་ཁ་ས་གསུངས་པ་དེ་རྒྱ་གར་གྱི་ཨིན་ཌི་ཡེན་ཨེ་སི་པེ་རེསི་ཞེས་པའི་གསར་ཤོག་གིས་དེ་རིང་ལུང་འདྲེན་བྱས་འདུག
ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནི་རུ་པ་མ་རའོ་ཡིས་༸གོང་ས་མཆོག་གི་ཆིབས་བསྒྱུར་ལ་རྒྱ་ནག་གི་དགག་ཆ་ཞུས་པ་དེར་རྒྱ་གར་གྱིས་གནད་འགག་ཆེན་པོ་རྩིས་ཡོད་པ་དང་རྒྱ་གར་གྱིས་གནད་དོན་དེའི་ཐད་ལ་ལངས་ཕྱོགས་གསལ་པོ་བཟོས་ཡོད་སྐོར་འགྲེལ་བརྗོད་གནང་སྟེ་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེ་ནི་རྒྱ་གར་ནས་ཁ་བྲལ་འགྲོ་ཐབས་མེད་པའི་ཡུལ་གྱི་སྙོན་མེད་ཆ་ཤས་ཤིག་རེད་ཅེས་ནན་བརྗོད་གནང་བཞག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས་བཅོ་ལྔ་བར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པཱར་རྡེཤ་མངའ་ཁུལ་གྱི་རྟ་དབང་དང་ཏང་ བུང་ཛི་ལ་ ཨི་ཊ་ན་གར་ བཅས་ནང་ཁུལ་དེའི་མང་ཚོགས་ལ་ཆོས་འབྲེལ་གསུངས་ཆོས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད༎