རྒྱ་གར་རྟ་དབང་ཁུལ་དུ་གནམ་གྲུར་མེ་སྐྱོན་གྱི་བགེགས་བར།
2011.04.20
༄༅༎ཁ་ས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པཱར་རྡེཤ་མངའ་ཁུལ་གྱི་རྟ་དབང་ཁུལ་ཐད་འཕུར་གནམ་གྲུ་ཞིག་ལ་གློ་བུར་མེ་སྐྱོན་བྱུང་ནས་གནམ་གྲུའི་ནང་གི་འགྲུལ་པ་མི་གྲངས་༡༧རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་བྱུང་བ་དེར་དེ་རིང་རྒྱ་གར་གཞུང་གིས་རྩད་ཞིབ་འགོ་འཛུགས་གནང་འདུག།
ཁ་ས་འཕུར་སྐྱོད་སྐབས་མེ་སྐྱོན་ཤོར་བའི་ཨུ་རུ་སུ་ནས་བཟོས་པའི་ཐད་འཕུར་གནམ་གྲུ་དེའི་ཚིག་རོར་རྟོག་ཞིབ་གནང་བར་ རྒྱ་གར་གཞུང་གི་རྟོག་ཞིབ་པ་ཚོ་དེ་རིང་ས་གནས་སུ་འབྱོར་ཡོད་པ་རེད། རྒྱ་གར་དབུས་མཁའ་ཐོག་འགྲིམས་འགྲུལ་ལས་ཁང་གི་ཆེད་ལས་མི་སྣ་གཉིས་ རྟ་དབང་ཁུལ་ མེ་སྐྱོན་ཤོར་བའི་གནམ་གྲུའི་ཆག་རོར་རྟོག་ཞིབ་གནང་བར་འབྱོར་ཡོད་སྐོར་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་དཔོན་རིགས་ཨེན་ཌེབ་ཡིས་ཕ་རེན་སི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བཞག།
མངའ་སྡེའི་པཱ་ལྦན་ཧའན་སི་ཐད་འཕུར་གནམ་གྲུ་ལས་ཁང་ལ་དབང་བའི་ཐད་འཕུར་གནམ་གྲུ་དེའི་ནང་གནམ་གྲུའི་ལས་བྱེད་པ་༥ཐེ་པའི་ཁྱོན་འགྲུལ་པ་མི་གྲངས་༢༣ཡོད་པ་དང༌། ཉེན་རྟོག་པས་མེ་སྐོན་ཤོར་བའི་གནམ་གྲུའི་ནང་གི་འགྲུལ་པ་༡༨རྐྱེན་ལམ་དུ་ཕྱིན་པའི་གྲངས་ཐོ་སྟོན་ཡོད་ནའང༌། འགྲུལ་པ་བུད་མེད་ཅིག་འཚོལ་ཞིབ་བྱས་པའི་ཆུ་ཚོད་བཞིའི་རྗེས་གནམ་གྲུ་ལྷུང་སའི་ཉེ་འཁྲིས་ནས་བརྙེད་སོན་བྱུང་འདུག། ཁོང་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང༌། ད་ལྟ་གནས་སྟངས་ཛ་དྲག་ཡོད་པ་རེད། དེ་མིན་རྨས་སྐྱོན་བྱུང་བའི་འགྲུལ་པ་ཚོ་གྲོང་ཁྱེར་གུ་ལྦ་ཧ་ཏི་སྨན་ཁང་དུ་སྨན་བཅོས་ཆེད་འཁྱེར་ཡོད་པ་དང༌། རྐྱེན་ལམ་དུ་ཕྱིན་པའི་འགྲུལ་པ་༡༧གི་ཕུང་པོ་ནང་མིར་རྩིས་སྤྲོད་ཆེད་གྲོང་ཁྱེར་གུ་ལྦ་ཧ་ཏིར་འཁྱེར་བཞག།