རྒྱུ་མཚན་ཁུངས་སྐྱེལ་བྱེད་རྒྱུ་གང་ཡང་མེད་པ་ཞིག་རེད།
2014.05.02

བལ་ཡུལ་གཞུང་གིས་སྙན་ཐོ་ངོས་ལེན་མི་བྱེད་པའི་གནས་ལུགས་རྒྱུ་མཚན་ཁུངས་སྐྱེལ་བྱེད་རྒྱུ་གང་ཡང་མེད་པ་ཞིག་རེད་ཟེར།
ཟླ་སྔོན་མར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་རྒྱ་ནག་གི་ཤུགས་རྐྱེན་འོག་བལ་ཡུལ་གཞུང་གིས་ཡུལ་དེའི་བོད་མི་སྐྱབས་བཅོལ་བར་བརྙས་བཅོས་བྱེད་པ་ཞེས་པའི་སྙན་ཐོ་ཞིག་བཏོན་ནས། བལ་ཡུལ་གཞུང་གིས་བོད་རིགས་སྐྱབས་བཅོལ་བ་ཚོར་སྲུང་སྐྱོབ་བྱེད་དགོས་པ་གསལ་ཡོད། འོན་ཀྱང་བལ་ཡུལ་གཞུང་གིས་སྙན་ཐོ་དེ་ལ་ངོས་ལེན་མེད་པ་དང་དེ་ནི་བལ་ཡུལ་དང་རྒྱ་ནག་གི་མཛའ་གྲོགས་ལ་ཐེ་ཇུས་བྱས་པ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད། དེའི་ཐད་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་དེ་རིང་སྤེལ་བའི་གསལ་བསྒྲགས་ནང་། ང་ཚོས་སྙན་ཐོ་བཏོན་པའི་ནང་མ་འགྲིག་པ་དང་མ་དག་པ་ཇི་ཡིན་བལ་ཡུལ་གཞུང་གིས་གསལ་འདོན་གང་ཡང་བྱས་མེད་པ་དང་། སྙན་ཐོ་དེ་བལ་གཞུང་གིས་ངོས་ལེན་མ་ས་ཀྱང་ངོས་ལེན་མི་བྱེད་པའི་གནས་ལུགས་རྒྱུ་མཚན་ཁུངས་སྐྱེལ་བྱེད་རྒྱུ་གང་ཡང་མེད་པ་ཞིག་རེད་ཅེས་གསལ་བསྒྲགས་བྱས་འདུག
ད་དུང་གསལ་བསྒྲགས་དང་མཉམ་ང་ཚོའི་རེ་བར་བལ་ཡུལ་གཞུང་གིས་འདས་པའི་བྱ་སྤྱོད་དེ་དག་མཚམས་འཇོག་གིས་བོད་མི་སྐྱབས་བཅོལ་བ་ཚོར་དཀའ་རྙོག་བཟོ་གཞིའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་འབོད་སྐུལ་བྱས་པ་དང་། བལ་ཡུལ་གཞུང་གི་སྤྱི་བསྒྲགས་ནང་བལྟས་པ་ཡིན་ན་འགྱུར་བ་གང་ཡང་འགྲོ་བཟོ་མེད་པའི་མངོན་ཚུལ་ཡོད་དུས་བོད་མི་སྐྱབས་བཅོལ་བ་ཚོ་ད་དུང་མུ་མཐུད་ཉེན་ཁའི་གནས་སུ་ལྷུང་ཡོད་ཅེས་གསལ་བསྒྲཊ་སྤེལ་འདུག
སྙན་ཐོ་མ་སྤེལ་སྔོན་བལ་ཡུལ་གཞུང་གི་སྲིད་བློན་གཞོན་པ་དང་དེའི་སྐོར་གོ་བསྡུར་བྱེད་རྒྱུར་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་འབད་བརྩོན་ཐེངས་མང་གནང་ཡོད་ཀྱང་བལ་ཡུལ་གཞུང་གིས་ཡ་ལན་བྱས་མེད་པ་རེད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།