ཧོང་ཀོང་ནང་ཕག་པའི་རིམས་ནད་གསར་དུ་ཐོན་པའི་སྐོར།
2009.09.13
༄༅༎ཟླ་བ་འདིའི་ཕྱི་ཚེས་བཅུ་གསུམ་རེས་གཟའ་ཉི་མ་བར་ཏུ་ཧོང་ཀོང་ནང་དུ་ཕག་པའི་རིམས་ནད་འགྱོས་ཁྱབ་ཟིན་པའི་ནད་པ་གསར་དུ་༥༢༩བྱུང་ཡོད་པ་དེས་ད་ཆ་ཧོང་ཀོང་ས་ཁུལ་ནང་དུ་ཁྱོན་ནད་པ་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་ལྷག་བྱུང་ཡོད་པའི་སྐོར་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཧོང་ཀོང་གི་འཕྲོད་བསྟེན་དཔོན་རིགས་ནས་ཧོང་ཀོང་ནང་དུ་གསར་དུ་ཐོན་པའི་H1N1ཟེར་བའི་ཕག་པའི་རིམས་ནད་འགོད་ཁྱབ་བྱུང་བའི་ནད་པ་༥༢༩ནང་ནས་༢༧༤བེུད་དང་༢༥༥སྐྱེས་པ་ཡིན་པ་དང་ལོ་ན་རྒན་གཞོན་ཟླ་བ་བཅུ་ལ་སོན་པའི་ཕྲུ་གུ་མ་འབྱར་ནས་༧༩བར་གྱི་རྒན་གྲས་ཡིན་པ་བཤད་ཡོད་ཅིང་ད་དུང་དེའི་དབར་ལ་ཧོང་ཀོང་སྨན་ཁང་གི་དཔོན་རིགས་ནས་ད་ལྟ་སྨན་ཁང་ནང་དུ་བསྡད་ནས་སྨན་བཅོས་བྱེད་མུས་ཡིན་པའི་ནད་པ་༡༥༣ཡོད་པ་དང་དེའི་ནང་ནས་ནད་པ་༡༣༨ཡི་གནས་སྟངས་ད་ལྟའི་འཆར་ཇེ་སྡུག་ཏུ་ཕྱིན་མེད་ཀྱང་དེའི་འཕྲོས་ཀྱི་ནད་པ་བདུན་ཛ་དྲག་ཡོད་པའི་ཁར་ནད་པ་བརྒྱད་ཀྱི་གནས་སྟངས་དེ་བས་ཛ་དྲག་ཆེ་བའི་ཐོག་གནས་མུས་ཡིན་པའི་སྐོར་བཤད་ཡོད་པ་རེད། ད་དུང་རེས་གཟའ་ཉི་མ་བར་རྒྱ་ནག་གི་མཱ་ཁའོ་ནང་དུའང་ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པ་གསར་པ་༧༦བྱུང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར་ད་ཆ་མ་ཁའོ་ནང་དུའང་ཁྱོན་ནད་པ་ཆིག་སྟོང་བདུན་བརྒྱ་ལྷག་ཟིན་ཡོད་ཅིང་གསར་དུ་ཐོན་པའི་ནད་པ་༧༦དེ་དག་ནང་ནས་༣༤བུད་མེད་དང་༤༢སྐྱེས་པ་ཡིན་པ་དེ་དག་གི་ལོ་ཚད་ནི་ཟླ་བ་བཅུ་སླེབས་པའི་ཕྲུ་གུ་མ་འབྱར་ནས་༥༢བར་ཡིན་པ་བཤད་ཡོད་པ་མ་ཟད་ནད་པ་ཁག་ཅིག་ས་གནས་ཀྱི་འབྲིང་རིམ་སློབ་གྲྭ་ཁག་བཞིའི་ནང་ནས་ཐོན་ཡོད་པར་བརྟེན་མ་ཁའོ་འཕྲོད་བསྟེན་ལས་ཁང་ནང་སློབ་གྲྭ་དེ་དག་གནས་སྐབས་རིང་སློབ་ཁྲིད་མཚམས་འཇོག་བྱས་ཡོད་པ་རེད།