༸གོང་ས་མཆོག་གིས་སངས་རྒྱས་རྗེས་དྲན་གྱི་སྤྱི་གླིང་དབུ་འབྱེད།
2010.02.09
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་ལྔ་པའི་ཚེས་༢༧ཉིན་རྒྱ་གར་གྱི་བྱང་ཤར་སྦི་ཧའར་མངའ་སྡེའི་རྒྱལ་ས་པཱཏ་ནའི་ནང་དུ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྗེས་དྲན་གྱི་སྤྱི་གླིང་ཞིག་དབུ་འབྱེད་དང་རབ་གནས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང། སྦི་ཧའར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མའར་མཆོག་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ། ཁ་ས་ཕྱི་ཚེས་༨ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དུས་ཡུན་ཚོུད་གཅིག་རིང་མཇལ་འཕྲད་བཀའ་མོལ་ཞུས་པའི་སྐབས། སྟོན་པའི་སྤྱི་གླིང་དབུ་འབྱེད་དུ་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་ནས་ཞལ་བཞེས་ཀྱི་སྐལ་བཟང་ཐོབ་པ་དང། སྐུ་ཞབས་ནི་ཏིཤ་ཀུ་མའར་མཆོག་གིས་ཀྱང་རྒྱ་གར་གྱི་དུས་བབ་(The Times of India)ཞེས་པའི་གསར་འགོད་པར། ༸གོང་ས་ཏྰ་ལའི་བླ་མ་མཆོག་གིས་ཐུགས་དགྱེས་འཚོར་ཆེན་པོས་སྟོན་པའི་སྤྱི་གླིང་དབུ་འབྱེད་ཀྱི་གདན་ཞུར་ཞལ་བཞེས་ཐོབ་པ་མ་ཟད། སྟོན་པའི་རིང་བསྲེལ་ཞིག་ཀྱང་གསོལ་རས་གནང་རྒྱུའི་ཞལ་བཞེས་གནང་བྱུང་ཞེས་གསུངས་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད། སྤྱི་གླིང་དེ་ནི་པཏ་ན་རྒྱལ་སའི་དཀྱིལ་དུ་འཛུགས་སྐྲུན་བྱས་ཡོད་པ་དང། འགྲོ་གྲོན་རྒྱ་གར་གྱི་སྒོར་མོ་ཐེར་འབུམ་༡༢༥བྱས་པའི་སྤྱི་གླིང་དེའི་ནང་དུ་སྒོམ་གྲུབ་ཉམས་ལེན་བྱེད་ཡུལ་གྱི་ཚོགས་ཁང་རྒྱ་ཁྱོན་ཨེ་ཀར་ཉི་ཤུ་རྩ་གཉིས་(acre 22)ཞིག་འཛུགས་སྐྲུན་གྱི་འཆར་གཞི་ཡོད་པ་མ་ཟད། ད་དུང་དེའི་ནང་དུ་སྟོན་པའི་སྐུ་བརྙན་ཚད་གཞི་ཆེན་པོ་ཞིག་ཀྱང་བཞེངས་གྲུབ་གནང་རྒྱུ་ཡིན་ཞིང། སྦི་ཧའར་མངའ་སྡེ་གཞུང་གིས། སྟོན་པའི་མཚོན་དོན་གྱི་དྲན་རྟེན་སྤྱི་གླིང་འཛུགས་སྐྲུན་གནང་བཞིན་པ་དེ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་མི་ལོ་༢༥༥༠འཁོར་བའི་དུས་དྲན་ཁྱད་པར་ཅན་དང་སྟབས་བསྟུན་གྱིས་བཞེངས་གྲུབ་གནང་བ་ཞིག་ཡིན་པའི་གནས་ཚུལ་བཀོད་ཡོད་པ་རེད།