ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་གི་ནང་པ་ཡོངས་ལ་འཚམས་འདྲི་གནང་འདུག

དེ་ཡང་སྤྱི་ཟླ་༥པའི་ཚེས་༡༦ཉིན་ནི་གནས་བརྟན་སྡེ་པའི་ལུགས་ཀྱི་(Buddha purnima)་ཞེས་ས་ག་ཟླ་བའི་ཚེས་༡༥སྟེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་བལ་ཡུལ་གྱི་གནས་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་ཡིན་པ་ལྟར། ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་ཆ་ཤས་ལས་ཁུངས་ནང་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་ཐེངས་གཉིས་པ་དེ་འདི་ཟླའི་ཚེས་༡༦་སྟེ་བོད་ཟླ་༣པའི་ཚེས་༡༥ཉིན་སྲུང་བརྩི་དང་འབྲེལ་སྲིད་འཛིན་(Joe Biden)་མཆོག་གིས་ཨ་རིའི་ནང་གི་ནང་པ་གཙོས་པའི་འཛམ་གླིང་གི་ནང་པ་ཡོངས་ལ་འཚམས་འདྲིའི་བསྒྲགས་གཏམ་སྤེལ་འདུག དེའི་ནང་བཅོམ་ལྡན་འདས་ཀྱིས་འཛམ་གླིང་ཞི་བདེ་དང་དྲང་བདེན་ཆེད་ལས་ཀ་བྱེད་དགོས་པ་དང་། འགྲོ་བ་མིའི་རིགས་གཅིག་མཚུངས་པ་ཡིན་པ་ངོས་འཛིན་དགོས་པ། རང་བྱུང་ཁོར་ཡུག་ལ་གུས་བརྩི་ཞུས་པའི་ཐོག་ནས་སྲུང་སྐྱོབ་དགོས་པ་བྱམས་དང་བརྩེ་བ། སྙིང་རྗེ་སྐྱེད་སྲིང་དགོས་པ་ཐེ་བའི་གསུང་ཆོས་སྩལ་བ་ཁག་དྲན་གསོ་ཞུ་རྒྱུའི་དུས་ཚོད་ཡིན་པ་དང་། ཡང་འདས་པའི་ལོ་༢༥༠༠ལྷག་གི་གོང་ནས་བཅོམ་ལྡན་འདས་ཀྱིས་འཛམ་གླིང་འདིའི་ནང་མགྲོན་པ་ཞིག་ཡིན་སྐོར་བསླབ་གནང་བ་དང་། བཅོམ་ལྡན་འདས་ལ་དད་གུས་ཡིད་ཆེས་ཞུ་མཁན་རྣམས་ཀྱིས་ང་ཚོས་མཉམ་སྤྱོད་བྱེད་བཞིན་པའི་འཛམ་གླིང་འདི་ནུས་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་ལེགས་སྐྱེས་ཆེན་པོ་ཕུལ་ལུགས་དང་། ཨ་རིའི་ནང་པ་རྣམས་ཀྱིས་ཡུལ་འདིའི་ཐུན་མོང་གི་རིན་ཐང་ཡར་རྒྱས་གོང་འཕེལ་གཏོང་འགྱུར་ལེགས་སྐྱེས་ཆེན་པོ་ཕུལ་བར་ཆེ་བསྟོད་ཞུ་བཞིན་ཡོད་སྐོར་གསུངས་འདུག
འདི་ཟླའི་ཚེས་༡༦་ཉིན་ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་ཆ་ཤས་ཀྱི་ལས་ཁུངས་ནང་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པ་དེ་ནི་ཐེངས་གཉིས་པ་དེ་ཡིན་པ་དང་ཐེངས་དང་པོ་ཡིན་པ་དང་། ད་རེས་མཛད་སྒོ་དེའི་ཐོག་མེ་རི་ལེཎཌ་མངའ་སྡེའི་ནང་གི་འབྲི་གུང་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་ལགས་དང་། དར་ཐང་རིན་པོ་ཆེའི་སྲས་མོ་གཉིས་མཉམ་ཞུགས་གནང་འདུག
གཞན་ཉིན་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་མོར་འཛམ་གླིང་ཡོངས་ཀྱི་ནང་པ་ཚོ་ལ་འཚམས་འདྲི་དང་མཉམ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་ལོ་རྒྱུས་མཛད་པ་དང་། དེ་བཞིན་དུ་གསུང་ཆོས་བཅས་ལ་ཆེ་བསྟོད་ཀྱི་རྗེས་དྲན་ཞུ་བཞིན་པ་གསལ་འདུག
ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་ནང་། ས་ག་ཟླ་བའི་དུས་ཚེས་འདི་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ནང་ཆོས་ཀྱི་ལྟ་གྲུབ་དང་ནང་པའི་སྤྱི་ཚོགས་ཀྱི་ཐོག་ནས་འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་དང་ཆོས་ལུགས་མཐུན་འབྲེལ་གྱི་ལམ་ཕྱོགས་སུ་སྣེ་ཁྲིད་ཀྱི་ལེགས་སྐྱེས་ལ་ངོས་འཛིན་དང་རྗེས་སུ་ཡིད་རངས་ཞུ་རྒྱུའི་གོ་སྐབས་ཞིག་ཀྱང་ཡིན་པ་ནན་བརྗོད་གནང་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་བར་ལྟར་ན། ས་ག་ཟླ་བའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་འཛམ་གླིང་གི་ནང་པའི་རྒྱལ་ཁབ་གཞན་ཁག་དང་གཅིག་མཚུངས་ལྟར། རྒྱ་གར་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ནང་སྟོན་པའི་མཛད་རྣམ་འཁྲབ་སྟོན་དང་གསུང་རབ་སྒྲོག་སྦྱང་ཞུས་པ་དང་། བྱམས་དང་སྙིང་རྗེ་ཀུན་ནས་བསླངས་ཏེ་ས་གནས་ཀྱི་དབུལ་ཕོངས་རྣམ་ལ་སྦྱིན་གཏོང་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།