ཤེས་ཡོན་གྱི་དགོས་དམིགས།
2013.09.19
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལི་ཐུཝེ་ནི་ཡ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༡༧ ཉིན་ཇར་མ་ནིའི་གྲོང་ཁྱེར་ཧ་ནོ་ཝར་(Hanover) ཞབས་སོར་འཁོད་ཡོད་པ་རེད། ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཇར་མ་ནིའི་ཧ་ནོ་ཝར་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་ IGS སློབ་གྲྭའི་ནང་གཞོན་སྐྱེས་ལྔ་སྟོང་བརྒལ་བར་ཤེས་ཡོན་གྱི་དགོས་པ་དང་དམིགས་ཡུལ་སྐོར་བཀའ་སློབ་བསྩལ་སྐབས། ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུའི་གཅིག་མཚུགས་ཀྱི་མངོན་འདོད་ཡོད་ལ། ཤེས་ཡོན་ནི་དེའི་ལག་ཆ་ལྟ་བུ་ཡིན། འོན་ཀྱང་ཤེས་ཡོན་ལ་གཏོར་བཤིག་དང་འཛུགས་སྐྲུན་གཉིས་ཀ་བྱེད་ཐུབ་པའི་ནུས་པ་ཡོད་ཅིང་། འཛུགས་བསྐྲུན་བྱེད་ཐུབ་པའི་དཔེ་བཟང་ནི། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཡུལ་འདིར་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱངས་ཡོད་ཀྱང་། ཇར་མ་ནིའི་མི་མང་རྣམས་ཀྱི་ཡིད་ཆེས་དང་སྙིང་སྟོབས། དཀའ་ལས་བརྒྱབ་པར་བརྟེན། རྒྱལ་ཁབ་རླབས་ཆེན་འདི་སླར་ཡང་འཛུགས་སྐྲུན་ཐུབ་པ་བྱུང་ཡོད་པ་རེད་ཅེས་དང་། ང་ནི་དུས་རབས་ཉི་ཤུ་པའི་མི་རབས་ཞིག་ཡིན་ཞིང་། དུས་རབས་དེའི་ནང་འཛམ་གླིང་ནང་འཛུགས་བསྐྲུན་ཧ་ལས་པའི་ཆེན་པོ་བྱུང་ཡོད་ན་ཡང་། དེ་ནི་དྲག་སྤྱོད་ཀྱི་དུས་རབས་ཞིག་ཀྱང་ཆགས་ཡོད། འདས་ཟིན་པའི་གནས་ཚུལ་ལ་འགྱུར་བ་བཏང་མ་ཐུབ་ཀྱང་། མ་འོངས་པ་གང་འདྲ་ཞིག་བྱུང་མིན་ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཚོའི་ལག་ཏུ་ཡོད་སྟབས། ངེས་པར་ཞི་བདེ་ལྡན་པའི་སྤྱི་ཚོགས་ཞིག་བསྐྲུན་ཐབས་སུ་འབད་བརྩོན་བྱེད་དགོས་སྐོར་བཀའ་གནང་འདུག།