གསར་འགྱུར་བཤད་པ་དང་མཉམ་དུ་ཤེས་ཡོན་སྤེལ་དགོས།
2017.10.27
༄༅། །བཞུགས་སྒར་དྷ་རམ་ས་ལར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་ཚོར་གསར་འགྱུར་ལས་རིགས་ཐད་ཟབ་སྦྱོང་སྤྲོད་བཞིན་པའི་སྐབས་དང་བསྟུན། ཕྱི་ཟླ་༡༠ཚེས་༢༧ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གསར་འགོད་པ་ཚོར་ཟུར་མཇལ་གནང་བ་དང་འབྲེལ། ལམ་སྟོན་བཀའ་སློབ་གནང་འདུག སྐབས་དེར་༸གོང་ས་མཆོག་ནས། ཕྱི་ལོ་༡༩༦༠ཙམ་ནས་བོད་མིའི་གཞིས་ཆགས་དང་། བོད་པའི་སློབ་གྲྭ་ཟུར་འཛུགས་སོགས་གནང་ཡོད་པ་དང་། སྐབས་དེ་དུས་བཙན་བྱོལ་ནང་གི་ལས་དོན་གང་འདྲ་བྱེད་ཀྱི་ཡོད་པ་དེ་དག་བོད་ནང་གི་བོད་མི་ཚོས་ཤེས་རྒྱུའི་ཐབས་ཤེས་བྱུང་ན་བསམ་པའི་དགོངས་པ་བཞེས་ཡོད་པ་དང་། རིམ་པས་བོད་སྐད་ཀྱི་རླུང་འཕྲིན་ཁག་བཙུགས་ཐུབ་པ་དེ་ཞེ་དྲག་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་བཀའ་གནང་འདུག
༸གོང་ས་མཆོག་ནས་སྐབས་དེར་ད་དུང་། ཕྱི་ནང་གི་གསར་འགོད་པ་གང་འདྲ་ཞིག་ཡིན་རུང་གནས་ཚུལ་བཤད་རྒྱུ་ཙམ་མ་ཚད། ངན་ཕྱོགས་ཀྱི་གནས་ཚུལ་བཀོད་སྤེལ་བྱེད་པ་དང་མཉམ་དུ། མིའི་སྤོབས་པ་སྐྱེས་ཡག་དང་སེམས་ལ་སྤྲོ་སྣང་སླེབས་ཡག་དེ་ཡང་བཤད་དགོས་སྐོར་རྒྱུན་དུ་ལམ་སྟོན་གནང་གི་ཡོད་སྐོར་བཀའ་གནང་བ་དང་སྦྲགས། བོད་པའི་གསར་འགོད་པར་དགོངས་ནས་བཀའ་གནང་སྐབས། བོད་སྐད་ཀྱི་རླུང་འཕྲིན་ཁག་ཚོས་འདི་སེམས་ལ་བཞག་ནས་བོད་ནང་གི་དཀའ་ངལ་དང་དེ་ཚོའི་གྲས་ངེས་པར་དུ་བཤད་དགོས། དེ་དང་མཉམ་དུ་བོད་མི་མང་གི་སྙིང་སྟོབས། བོད་མི་རིགས་ཞེས་པ་དེ་ལོ་སྟོང་ཕྲག་གཉིས་གསུམ་གྱི་ལོ་རྒྱུས་ཡོད་པ། རང་བཞིན་གྱིས་བོད་པའི་ཆོས་དང་རིག་གཞུང་ཟེར་དུས། དེང་སང་འཛམ་བུ་གླིང་གི་གྲལ་མཇུག་ལ་བསྡད་མི་དགོས་པ་ཏན་ཏན་ཡོད་རེད། བོད་པའི་སྐད་ཡིག་དེ་འཛམ་བུ་གླིང་འདིའི་ནང་ལ་དཔལ་ནཱ་ལ་ནྡཱའི་ལྟ་གྲུབ་སྙིང་པོ་དེ་འགྲེལ་བཤད་རྒྱག་ཡག་ལ་བོད་སྐད་ལས་ལྷག་པ་གང་ཡང་མེད་པ་རེད། དེ་གསལ་པོ་རེད། དེ་ཚོའི་ལོ་རྒྱུས་དང་སྦྲགས་ནས་བཤད་པ་དང་ཆབས་ཅིག་བོད་ནང་གི་མི་ཚོས་གོ་ཐུབ་པ་ཞིག་དང་། ང་རང་ཚོའི་རིག་གཞུང་ལ་དོ་སྣང་སླེབས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་སེམས་ལ་བཞག་ཅེས་བཀའ་གནང་འདུག