ཧི་མ་ལ་ཡའི་ཁུལ་གྱི་ས་ཡོམ་ནང་མི་གྲངས་༡༡༠འཆི་སྐྱོན།
2011.09.22
༄༅༎ཉེ་ཆར་རྒྱ་གར་བྱང་ཤར་ཁུལ་དང་ བོད་ བལ་ཡུལ་ འབྲུག་ཡུལ་བཅས་རྒྱལ་ཁབ་བཞིའི་ནང་ས་ཡོམ་གྱི་གོད་ཆགས་བྱུང་བའི་ནང་ད་བར་མི་གྲངས་༡༡༠འཆི་སྐྱོན་བྱུང་ཡོད་པ་ཤེས་རྟོགས་བྱུང་བཞག ཁ་སྔོན་རེས་གཟའ་ཉིན་མའི་ཉིན་འབྲས་ལྗོངས་གཙོ་བོར་གྱུར་བའི་བལ་ཡུལ་དང་བོད་བཅས་ཀྱི་ས་མཚམས་ས་ཁུལ་དུ་ས་ཡོམ་འགུལ་ཚད་༦དང་གྲངས་ཆུང་༩རྒྱབ་པའི་རྐྱེན་གྱིས་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་དེ་བསྟུད་མར་མང་དུ་འགྲོ་བཞིན་པའི་ཁར་ མཐའ་ཁུག་ས་ཁུལ་མང་པོའི་ནང་ས་ཡོམ་གྱི་རྐྱེན་པས་ས་རུས་རྒྱབ་ནས་ འགྲོ་ལམ་འགག་ཏེ་ མྱུར་སྐྱོབས་ཀྱི་ལས་དོན་སྤེལ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད་ མི་རྒྱུ་གཉིས་ལ་གོད་ཆགས་ཇི་བྱུང་ཚོད་དཔག་བྱེད་རྒྱུ་ཡང་ཁག་པོ་ཆགས་ཡོད་འདུག་།
གནས་ཚུལ་ནང་གསལ་ལྟར་ན་ ས་ཡོམ་རྒྱབ་སའི་ས་ཁུལ་གཙོ་བོ་དེའི་ཉེ་འགྲམ་དུ་ཡོད་པའི་འབྲས་ལྗོངས་བྱང་ཕྱོགས་ཀྱི་ཆུང་ཐང་ཟེར་བའི་གྲོང་གསེབ་ནང་ ས་ཡོམ་དང་ ས་རུས་རྒྱབ་ནས་ཉིན་གྲངས་བཞི་ཕྱིན་པའི་རྗེས་སུ་ཡང་ འགྲོ་ལམ་བཟོས་མ་ཐུབ་པར་ཕར་འགྲོ་ཚུར་འགྲོ་བྱེད་ས་མེད་པར་ལུས་ཡོད་པ་དང་ ཁ་ས་ནས་བཟུང་རྒྱ་གར་གྱི་དམག་མིས་ཧེ་ལི་ཀོཔ་ཀྲར་ཞེས་པའི་གནམ་གྲུའི་ནང་ བཟའ་བཅའ་འབོར་འདྲེན་བྱེད་ཡག་འགོ་འཛུགས་གནང་སྟེ་ཁུལ་དེར་རོག་རམ་གནང་བཞིན་ཡིན་འདུག་ལ་ དེ་བཞིན་སྨས་སྐྱོན་ཕོག་པ་རྣམས་གནམ་ཐོག་ནས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་སྨན་ཁང་དུ་འབོར་འདྲེན་བྱེད་རྒྱུ་ཡང་འགོ་འཛུགས་གནང་བཞག་། ཡང་འབྲས་ལྗོངས་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་གིས་གསུང་པར་གཞིགས་ན་ རེས་གཟའ་ཕུར་བུའི་བར་འབྲས་ལྗོངས་ཁུལ་དུ་ས་ཡོམ་ཀྱི་རྐྱེན་པས་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་དེ་༧༨བར་སླེབས་ཡོད་པ་དང་ འབྲས་ལྗོངས་ཀྱི་ཁྱིམ་མཚེས་རྒྱ་གར་གྱི་མངའ་སྡེ་གཞན་པའི་ནང་ མི་གྲངས་༡༨འཆི་སྐྱོན་བྱུང་ཡོད་པ་དང་ དེ་བཞིན་བོད་ནང་མི་གྲངས་༧དང་ བལ་ཡུལ་ནང་མི་༦དང་འབྲུག་ཡུལ་ནང་མི་གཅིག་བཅས་རྐྱེན་ལམ་དུ་ཕྱིན་བཞག་༎