བལ་ཡུལ་དུ་ལྷོ་ཤར་ཨེ་ཤེ་ཡའི་བློན་ཆེན་ལྷན་ཚོགས།

ལྷོ་ཤར་ཨེ་ཤེ་ཡའི་བློན་ཆེན་རྣམ་པ་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

2009.08.28

༄༅༎ལྷོ་ཤར་ཨེ་ཤེ་ཡའི་བློན་ཆེན་རྣམ་པ་གཟའ་འཁོར་རྗེས་མའི་ནང་བལ་ཡུལ་དུ་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ཧི་མ་ལ་ཡའི་རི་རྒྱུད་དུ་ཉེན་ཁ་བཟོ་བཞིན་པ་དང་རི་རྒྱུད་དེ་དག་ལ་བརྟེན་ནས་མི་དམངས་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་གྱི་འཐུང་ཆུའི་འབྱུང་ཁུངས་ལ་ཉེན་ཁ་བཟོ་བའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

གནམ་གཤིས་དང་ཁོར་ཡུག་ཐད་ཀྱི་ཆེད་ལས་མཁས་དབང་ཚོས་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་འཁྱགས་རོམ་རྣམས་བཞུར་བཞིན་ཡོད་པའི་ཉེན་བརྡ་བཏང་བ་དང་གཟའ་འཁོར་རྗེས་མར་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་རྒྱལ་ཁབ་རྣམས་ཀྱིས་དཀའ་ངལ་དེ་སེལ་ཐབས་དང་གདོང་ལེན་བྱ་ཕྱོགས་ཀྱི་གལ་ཆེའི་གནད་དོན་དེ་དག་ཐོག་བཀའ་བསྡུར་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གསུངས་ཡོད་ཅིང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལས་འགུལ་སྤེལ་མཁན་ཚོས་ཧི་མ་ལ་ཡ་ཁུལ་གྱི་འཁྱགས་རོམ་བཞུར་བཞིན་པ་དེ་ཡིས་རྒྱ་མཚོའི་མཐོ་ཚད་མཐོ་རུ་ཕྱིན་འགྲོ་བཞིན་པ་དང་དེ་ཡིས་ཆུ་ལོག་གི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་བཟོ་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་རིང་མིན་ཕྱི་ཟླ་བཅུ་པའི་ནང་དུ་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་གཙོ་བོ་དེ་ཌེན་མཀ་ཀྱི་རྒྱལ་ས་ཁོ་པེན་ཧ་གེན་དུ་ཚོགས་རྒྱུ་ཡིན་ཞིང་དེའི་སྐབས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ལ་གྲོས་ཆོད་གསར་པ་གཏན་འབེབས་ཡོང་བའི་ཐུགས་རེ་ཡོད་པ་བཞིན་དེའི་སྔོན་དུ་གཟའ་འཁོར་རྗེས་མའི་ཕྱི་ཚེས་སུམ་ཅུ་སོ་གཅིག་ནས་ཕྱི་ཟླ་དགུ་པའི་ཚེས་གཅིག་ཉིན་གཉིས་རིང་ལ་བལ་ཡུལ་ནང་དུ་ཐེངས་དང་པོ་ལྷོ་ཨེ་ཤེ་ཡའི་ཡུལ་ཁག་ཚོའི་བློན་ཆེན་རྣམ་པའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཐོག་ལ་ལྷན་ཚོགས་སྐོང་ཚོགས་གནང་རྒྱུ་ཡིན་པ་རེད། ཧི་མ་ལ་ཡ་ས་ཁུལ་དེ་ནི་འཁྱགས་རོམ་གྱི་རྒྱ་ཁྱོན་ཀི་ལོ་མི་ཊར་ཉིས་སྟོང་བཞི་ཡིས་རྒྱ་གར་དང་པ་ཀི་སི་ཐན།བོད།བལ་ཡུལ།འབྲུག་ཡུལ་བཅས་ལ་ཁྱབ་ཏེ་ཨེ་ཤེ་ཡའི་གཙང་ཆུ་ཆེ་ཤོས་བཅུ་གཅིག་གི་ཆུའི་འབྱུང་ཁུངས་ཀྱང་ཡིན་པ་དང་ཆུའི་ཐོན་ཁུངས་དེ་ཡིས་རི་རྒྱུད་དེའི་ཁུལ་དུ་གནས་པའི་མི་དམངས་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་གྱི་འཚོ་གནས་དང་འབྲེལ་བ་ཆགས་ཡོད་ཅིང་ཡིན་ནའང་ས་ཁུལ་དེ་དག་ནང་གི་གནམ་གཤིས་རིམ་བཞིན་ཚ་བ་ཆེ་རུ་འགྲོ་བ་དང་འདས་པའི་མི་ལོ་སུམ་ཅུ་ནང་དུ་འཛམ་གླིང་གི་ཚ་དྲོད་འཕེལ་བའི་ཤུགས་རྐྱེན་གྱིས་མི་ལོ་བཅུ་ཕྲག་རེ་རེའི་ནང་དུ་གནམ་གཤིས་ཀྱི་ཚ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎