༧གོང་ས་མཆོག་གི་མཛད་འཆར་ལ་ཅུང་འགྱུར་བ་ཕྱིན་འདུག
2014.12.04
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༨ཉིན་རྒྱ་གར་ལྡི་ལི་བརྒྱུད་ཨེ་ཊ་ལེའི་རོམ་དུ་ཆིབས་སྒྱུར་བསྐྱང་གནང་མཛད་ཀྱི་འདུག
དེ་ཡང་ཕྱི་ཟླ་༡༢ཚེས་༡རེས་གཟའ་ཟླ་བའི་ཉིན་ཧི་མཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ཚོགས་ཆུང་གི་འགན་འཛིན་གཞོན་པ་སྐུ་ཞབས་Vijay Singh Mankotiaས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་དང་། གཞན་ཡང་ས་གནས་གསར་ཤོག་ཁག་ནས་གནས་ཚུལ་ཐོན་གསལ་ལ། འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན། ཧི་མཱ་ལ་ཡའི་དུས་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང། ཉིན་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ལ་ཡའི་དུས་སྟོན་དབུ་འབྱེད་མཛད་གཏན་འཁེལ་ཡོད་ཀྱང་། མཛད་འཆར་ལ་འགྱུར་བ་ཕྱིན་ནས། ཟླ་བ་འདིའི་ཚེས་༨ཉིན་༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་ཕྱི་ཚེས་༩ཉིན་ལྡི་ལིར་མཛད་འཕྲིན་བསྐྱོངས་གནང་གྲུབ་པའི་རྗེས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱོངས་གནང་མཛད་ཀྱི་འདུག བཞུགས་སྒར་དུ་ཕྱི་ཚེས་༡༠ཉིན་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་ཧི་མཱ་ཅལ་དང་། ཨ་རུ་ནཱ་ཅལ། འབྲས་ལྗོངས། ཨུཏྟར་ཁཎྜ། ཇ་མུ་ཀ་ཤི་མིར། པན་ཇབ། རཱ་ཇི་སི་ཐན་བཅས་མངའ་སྡེ་བདུན་ནས་རིག་གཞུང་འཁྲབ་སྟོན་པ་མི་གྲངས་ ༢༣༠ ཙམ་མཉམ་ཞུགས་གནང་རྒྱུ་མ་ཟད། ཨུ་རུ་སུ་དང་། སོག་པོ། འབྲུག ཁལ་མུཀ རྒྱ་གར། བལ་པོ་བཅས་ཡུལ་གྲུ་ཁག་ནས་ཀྱང་རིག་གཞུང་འཁྲབ་སྟོན་གནང་རྒྱུ་ཡིན་འདུག
མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་Virbhadra Singh མཆོག་ཆེད་ཕེབས་གནང་རྒྱུ་དང་། གཞན་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།