གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཇེ་ཉུང་ཡིན་པ།
2018.10.23
གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག
དེ་ཡང་ཨ་རིའི་རྒྱལ་ཡོངས་ཚན་རིག་དུས་དེབ་ཀྱི་སྙན་ཐོ་ཞིག་གི་ནང་། ལོ་བཅུ་ཕྲག་གཉིས་ཙམ་རིང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཡོད་པའི་ཡུལ་གྲུ་ཁག་ལ་བརྟག་དཔྱད་སྐབས་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ས་ཁུལ་མང་ཆེ་བ་ལ་ཉམས་རྒུད་ལ་འགྲོ་བཞིན་ཡོད་པ་བརྗོད་འདུག
ཉམས་ཞིབ་པས་ཤེས་རྟོགས་བྱུང་བ་དེ་ནི་གལ་ཆེན་པོ་ཞིག་ཡིན་པ་དང་དེ་ཡང་དབྱར་རྩྭ་དགུན་འབུ་བརྐོ་མང་དྲགས་པའི་རྐྱེན་ཁོ་ན་མ་ཡིན་པ་ཡང་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཐོན་སྐྱེད་ཉུང་དུ་འགྲོ་གི་ཡོད་པ་ཞིག་རེད་ཅེས་དེའི་ཐད་ཉམས་ཞིབ་པ་གཙོ་བོ་ཨ་རིའི་(Boise)མངའ་སྡེའི་གཙུག་ལག་སློབ་གྲ་ཆེན་མོའི་ཁོར་ཡུག་སློབ་དཔོན་(Kelly Hopping)ཞེས་པས་གསར་འགོད་པར་བརྗོད་འདུག
དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ས་ཁུལ་མང་ཆེ་བའི་ནང་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་གནམ་གཤིས་ཀྱི་ཚ་དྲོད་རྒྱས་ཡོད་སྟབས་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ལ་གནོད་སྐྱོན་ཐེབས་ཡོད་སྲིད་པ་བརྗོད་འདུག
ཉམས་ཞིབ་པའི་སྙན་ཐོ་དེ་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་དེས་བོད་དང་། ཧི་མ་ལའི་རི་བརྒྱུད་ཀྱི་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་འཚོ་སྡོད་བྱེད་མཁན་ཚོར་ཉེན་བརྡ་ཞིག་ཡིན་པ་བརྗོད་འདུག
ཉེ་བའི་ལོ་བཅུ་ཕྲག་འགའ་ཤས་ནང་དབྱར་རྩྭ་དགུན་འབུའི་རིན་གོང་ལྡབ་འགྱུར་གྱི་འཕར་ཡོད་པ་དང་། རྒྱ་ནག་པེ་ཅིང་དུ་གསེར་ལས་ཀྱང་ལྡབ་གསུམ་ཙམ་མང་པའི་གོང་ཚད་སྤྲོད་ཀྱི་ཡོད་པ་རེད་འདུག་ལ་བོད་དང་ཧི་མ་ལའི་རི་བརྒྱུད་ཀྱི་མི་དམངས་ཁྲི་སྟོང་མང་པོས་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད། དབྱར་རྩྭ་དགུན་འབུ་བརྐོ་ཡུལ་ས་རྩོད་རྐྱེན་གྱིས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཡང་བྱུང་ཡོད་པ་རེད།
སྤྱིར་ཚན་རིག་གིས་རྟག་དཔྱད་བྱེད་པའི་བརྒྱུད་རིམ་ནས་དབྱར་རྩ་དགུན་འབུའི་ཁེ་ཕན་སྐོར་གང་ཡང་བཤད་མཁན་མེད་ན་ཡང་མི་དམངས་ཚོས་ནད་རིགས་འདྲ་མིན་དང་ལུས་སྟོབས་རྒྱས་པའི་སྨན་མཆོག་ཅིག་ལ་བརྩི་བཞིན་ཡོད་པ་རེད་ཅེས་ཨ་རིའི་རྒྱལ་ཡོངས་ཚན་རིག་གི་དུས་དེབ་ཀྱི་སྙན་ཐོ་ཞིག་ཏུ་གསལ་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།