ཧི་མ་ལ་ཡའི་རྒྱུད་ས་ཡོམ་ནང་མི་༡༠༠་རྐྱེན་འདས།
2011.09.21
༄༅༎འདས་པའི་གཟའ་མཇུག་ཧི་མ་ལ་ཡའི་རི་རྒྱུད་ཁུལ་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་པའི་ནང་སྲོག་སྐྱོན་བྱུང་བའི་མིའི་གྲངས་འབོར་དེ་རིང་བར་༡༠༠ཟིན་འདུག།
རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་བལ་ཡུལ་གཉིས་ཀྱི་ས་མཚམས་འཁེལ་སར་ས་ཡོམ་ཤུགས་ཚད་རིམ་པ་༦དང་ཚག་༩བྱས་པ་ཞིག་བརྒྱབ་ནས་ཕྱོགས་གཉིས་ཀའི་གྲོང་གསེབ་དང་གྲོང་ཚོ་ཁག་གི་ནང་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་ཡོད་པ་མ་ཟད། བོད་ལྷོ་ཕྱོགས་གྲོ་མོ་ཁུལ་དུའང་མི་བདུན་ལ་སྲོག་སྐྱོན་དང་ཉི་ཤུ་རྩ་གྲངས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
འབྲས་ལྗོངས་བྱང་ཕྱོགས་མང་གན་ཐད་འཕུར་གནམ་གྲུ་བབས་ཚུགས་བྱ་ཡུལ་ནས་ཉིན་ལྟར་དམག་མི་དང་སྒེར་གྱི་ཐད་འཕུར་གནམ་གྲུ་བརྒྱུད་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་ཐག་རིང་གྲོང་གསེབ་ཁག་ལ་ཕར་ཞོར་བཟའ་ཆ་དང་སྨན་སོགས་འོར་འདྲེན་གནང་གི་ཡོད་པ་དང༌། ཚུར་ཞོར་ནད་པ་དང་ས་གནས་དེ་ཚོའི་ནང་འགག་སྡད་པའི་ཕྱི་རྒྱལ་ལྟ་སྐོར་བ་ཚོ་འོར་འདྲེན་གནང་བཞིན་འདུག།
འབྲས་ལྗོངས་གཞུང་གི་དཔོན་རིགས་ བསོད་ནམ་ ལེབས་ཆས་ ད་རེས་ཀྱི་ས་ཡོམ་ནང་འབྲས་ལྗོངས་ཁུལ་འདས་གྲོངས་ཕྱིན་པའི་མིའི་གྲངས་འབོར་དེ་༦༥ཡིན་པ་དང༌། མིའི་ཕུང་པོ་ས་རོ་རྡོ་རོའི་འོག་ནས་ད་དུང་བཏོན་ཐབས་བྱེད་བཞིན་ཡོད་པར་བརྟེན་སྲོག་སྐྱོན་བྱུང་བའི་མིའི་གྲངས་འབོར་འཕར་སྲིད་པའི་སྐོར་འགྲེལ་བརྗོད་གནང་བཞག།
འབྲས་ལྗོངས་ཁུལ་འདས་པའི་ཉིན་ཤས་རིང་ཆར་པ་ཤུགས་ཆེ་འབབ་པའི་རྐྱེན་གྱིས་ས་རུས་བརྒྱབ་ནས་གཞུང་ལམ་འགག་པའི་ཚབས་ཆེའི་གནས་སྟངས་འོག་། ཛ་དྲག་སྲོག་སྐྱོབ་རུ་ཁག་ཚོ་གོད་ཆགས་ཕོག་ཡུལ་ས་གནས་སུ་འབྱོར་ཐུབ་པའི་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་པ་རེད། ས་ཡོམ་གྱི་གནོད་འཚེ་ཆེ་ཤོས་ཕོག་སའི་ཆུང་ཐང་ཁུལ་གྱི་རྫོང་དཔོན་ཨེསི་ཀེ་པར་རྡན་ཡིས་ གནམ་གྲུའི་ནང་ནས་ལྟ་སྐོར་གནང་སྐབས་གྲོང་གསེབ་མང་པོར་གནོད་སྐྱོན་ཚབས་ཆེ་ཕོག་པ་གཟིགས་ཡོད་ནའང། ད་ལྟའི་སྐབས་འདིར་རྨས་མ་རྣམས་ལ་དུས་ཐོག་སྨན་བཅོས་ཐུབ་རྒྱུའི་ཐོག་དམིགས་བསལ་དོ་སྣང་གནང་གི་ཡོད་སྐོར་གསུངས་བཞག།
མང་གན་རྫོང་སྨན་ཁང་གི་སྨན་པ་ཚོས་སྨན་བཅོས་གནང་སའི་རྨས་མ་ཕལ་ཆེ་བ་ཁང་པ་ལོག་པའི་འོག་མནན་ནས་རྐང་ལག་དང་གཟུགས་པོར་རྨས་སྐྱོན་ཚབས་ཆེ་བྱུང་བ་ཡིན་སྐོར་འགྲེལ་བརྗོད་གནང་འདུག།