ཕིཌ་ཛར་སློབ་གཉེར་ཁང་ནས་༸གོང་ས་མཆོག་ལ་གཟེངས་རྟཊ།
2009.09.28
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མཛད་འཆར་ཁག་ཅིག་གྲུབ་གནང་བའི་རྗེས་སུ།འདི་ཚེས་ཉི་ཤུ་རྩ་བདུན་གྱི་ཉིན་ཁེ་ན་དྲའི་ཝན་ཀུ་ཝར་མངའ་ཁུལ་དུ་ཞབས་སོར་འཁོད་གནང་ནས་མཛད་འཆར་དབུ་བཙུགས་གནང་ཡོད་པ་རེད། དེ་ཡང་ཚེས་ཕྱི་ཚེས་ཉི་ཤུ་རྩ་བདུན་རེས་གཟའ་ཉི་མའི་ཉིན།ཐོག་མར་ཕིདྲ་ཛར་སློབ་གཉེར་ཁང་གི་ཚོགས་གཙོ་མཆོག་གིས།༧གོང་ས་ཏཱ་ལའི་བླ་མ་མཆོག་དང་།ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨཕ་རི་ཀའི་ཡེ་ཤུའི་མཆོད་དཔོན་དྲེཤ་མན་ཀྲུ་ཀྲུ་རྣམ་གཉིས་ལ།ད་རེས་མཛའ་བརྩེ་དང་བཟོད་སེམས་ཀྱི་གཟེངས་རྟགས་དེ་བཞིན་ཕུལ་དགོས་དོན་ནི།ད་བར་ཁོང་རྣམ་གཉིས་ཀྱིས་བྱམས་པ་དང་།བརྩེ་བ།བཟོད་སེམས་ཀྱི་སྐུལ་ནས་བསླངས་ཏེ་འཐབ་རྩོད་གནང་བ་མ་ཟད།འཛམ་གླིང་ནང་གཞན་ལ་མིག་བསྟོད་ཡག་པོ་ཞིག་བཞག་གནང་ཡོད་པའི་མཛད་རྗེས་ལ་ཕུལ་བ་ཡིན་ཞེས་གསུངས་གནང་འདུག
སྐབས་དེར་ཡེ་ཤུའི་མཆོད་དཔོན་ཀྲུ་ཀྲུ་མཆོག་སྐུ་གཟུགས་བབས་ཀྱི་ཆ་ནས་དངོས་སུ་ཕེབས་ཐུབ་མེད་ཀྱང་ཁོང་གི་བུ་མོས་བཞེས་ཡོད་པ་རེད།དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས།སྐུ་སྒེར་གྱི་མྱོང་ཚོར་གྱི་ཐོག་ནས་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཁག་གཉིས་ཙམ་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད།ཉིན་རྒྱབ་ནོ་བྗེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་ཁག་ཅིག་དང་ལྷན་དུ།བྱམས་བརྩེའི་ཐོག་ནས་འཛམ་གླིང་ནང་ལས་འགུལ་སྤེལ་ཕྱོགས་ཐོག་ཚོགས་འདུ།དེ་དང་ཕྱོགས་མཚུངས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང་ལྷན་དུ་མིའི་རིན་ཐང་གལ་ཆེའི་སྐོར་བགྲོ་གླེང་གནང་བའི་སྐབས།མང་པོ་ཞིག་གིས་༧གོང་ས་མཆོག་ནས་ད་བར་ལམ་སྟོན་བཀའ་སློབ་གསུང་བཤད་གནང་བ་བརྒྱུད་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་པའི་སྐོར་སོགས་ཞུས་གནང་འདུག།མུ་མཐུད་ནས་རེས་གཟའ་ཟླ་བ་དང་མིག་དམར་གཉིས་ལ་འཛམ་གླིང་ཞི་བདེའི་སྐོར་ཚོགས་འདུར་དབུ་བཞུགས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།།