ཁེ་ཎ་ཌ་གཞུང་གིས་བོད་དོན་ཉན་ཞིབ་དང་བོད་དོན་གླེང་སློང་བྱས་འདུག


2020.11.18
བོད་དོན་ཉན་ཞིབ་སྐབས། བོད་དོན་ཉན་ཞིབ་སྐབས།
དྲ་བཤུས།

ཁེ་ཎ་ཌ་གཞུང་གིས་བོད་དོན་ཉན་ཞིབ་དང་བོད་དོན་གླེང་སློང་བྱས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་རྒྱབ་སྐྱོར་དང་འབད་བརྩོན་མུ་མཐུད་དུ་གནང་རྒྱུ་ཡིན་པ་གསུང་འདུག
ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་གི་སྲིད་བྱུས་ཐོག་འགན་འཁུར་བཞེས་མཁན་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Shawn Steil)ལགས་ཀྱིས་ཕྱི་ཟླ་༡༡ ཚེས་༡༧ ཉིན། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ཁེ་ཎ་ཌ་དང་རྒྱ་ནག་འབྲེལ་ལམ་ལས་དོན་ཚོགས་ཆུང་གི་བོད་དོན་ཉན་ཞིབ་ཚོགས་འདུའི་ཐོག ཁེ་ཎ་ཌ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ཅིག་དང་ཉེ་ཆར་ཁེ་ཎ་ཌའི་གཞུང་ཚབ་པ་ཆེན་མོ་ཌོ་མི་ནིཀ་སྦ་ཊན་ཕྱི་ཟླ་༡༠ཚེས་༢༦ནས་༣༠བར་བོད་ཀྱི་རྒྱལ་ས་ལྷ་ས་དང་། ལྷོ་ཁ་ཁུལ་བཅས་སུ་འཚམས་གཟིགས་གནང་བ་དང་འབྲེལ་ནས་ལས་དོན་སྙན་གསེང་ཞུས་ཤིང་། སྐབས་དེར་ཁོང་གིས་ཁེ་ཎ་ཌའི་གཞུང་གིས་བོད་ནང་དངོས་མཐོང་གི་གནས་ཚུལ་ལྟ་ཞིབ་བྱ་རྒྱུའི་འདུན་པ་ཡང་ཡང་བསྟུད་མར་འགྲེལ་བརྗོད་བྱས་ཡོད་ཀྱང་། ད་བར་བོད་ནང་ཕྱི་སྲིད་མི་སྣ་ཉུང་ཤས་ལས་བསྐྱོད་ཐུབ་ཀྱི་མེད་པ་དང་། ཕྱི་འབྲེལ་མི་སྣ་ཕེབས་པ་རྣམས་ལའང་སྔོན་ཚུད་ནས་ལས་རིམ་གཏན་འབེབས་གྲ་སྒྲིག་ཟིན་ཏེ་རང་དབང་གི་སྒོ་ནས་ཞིབ་འཇུག་དང་གནས་ཚུལ་རྟོག་ཞིབ་བྱེད་པའི་ཆ་རྐྱེན་ཡག་པོ་ཐོབ་ཀྱི་མེད་པ་མ་ཟད། ཉེ་བའི་ཆར་ལ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གཞུང་གིས་བོད་ནང་དུ་རྒྱལ་ཁབ་ཁག་གི་ཕྱི་སྲིད་མི་སྣ་འགྲོ་བསྐྱོད་བྱེད་རྒྱུར་དམ་དྲག་ཆེ་རུ་བཏང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
བོད་ནང་དོན་སྙིང་ལྡན་པའི་རྟོག་ཞིབ་སྐོར་སྐྱོད་བྱེད་རྒྱུར་དམ་དྲག་བྱེད་པའི་གནས་ཚུལ་འདི་ནི། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་མིའི་ཐོག་དམ་དྲག་ཚབས་ཆེ་བྱེད་བཞིན་པའི་མཐོང་ཚུལ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་བའི་གནད་དོན་ཐོག་ཁེ་ཎ་ཌའི་གཞུང་གིས་ངོས་ནས་ཐུགས་ཚབས་ཆེན་པོ་ཡོད་པ། རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྙན་ཐོ་རིམ་པར་བཏོན་པ་བཞིན། མི་རིགས་དབྱེ་འབྱེད་བྱས་ནས་སྨྲ་བརྗོད་རང་དབང་དང་།  ཆོས་དད་རང་དབང་། སྐད་ཡིག་དང་རིག་གཞུང་གི་རང་དབང་མེད་པ་གསལ་སྟོན་བྱས་པ་རྣམས་ལུང་འདྲེན་གནང་ཡོད་པ་རེད།
རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བཅས་ཀྱི་བར་ཡུན་རིང་ནས་སེལ་མ་ཐུབ་པའི་འགལ་ཟླའི་གནད་དོན་སེལ་རྒྱུར་གྲོས་མོལ་ལ་ཞུགས་ཏེ་ཕྱོགས་ཕན་ཚུན་གཉིས་མོས་ཀྱི་གྲོས་མཐུན་ཐོག་ལ་བབ་ཐུབ་པའི་རེ་འདུན་ཡོད་པ་དང་། བོད་རྒྱ་ཞི་མོལ་ཡོང་ཐབས་ཐོག་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་པ་སོགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎