ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གི་ཁོར་ཡུག་གནད་དོན་ཐད་ཉན་ཞིབ་སྐབས་བོད་ཀྱི་ཁོར་ཡུག་སྐོར་གླེང་སོང་།
རྒྱ་ནག་གཞུང་གིས་ཁོར་ཡུག་ཐད་དཀའ་ངལ་བཟོ་བཞིན་པའི་གནད་དོན་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་ནང་འདི་ཚེས་༢༡་ཉིན་ཉན་ཞིབ་གནང་པའི་སྐབས། རྒྱ་ནག་གཞུང་གིས་བོད་ནང་དུ་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གནད་དོན་ནི་བློ་འཚབ་སྐྱེས་གཞི་ཞིག་ཡིན་པ་ལྷན་ཚོགས་ཀྱི་ཚོགས་གཙོ་(Jeff Merkley)་ཡིས་གསུངས་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཊོམ་སིཝཛི་ལགས་ཀྱིས་རྒྱ་ནག་གཞུང་གིས་གནམ་གཤིས་འགྱུར་ལྡོག་ཐོག་ལ་འགན་ལེན་ཚུལ་བཞིན་མ་བྱས་བར་དུ་མུ་མཐུད་དུ་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
སྐབས་དེར་ཁོར་ཡུག་གི་གནད་དོན་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཚ་དྲོད་འཕེལ་རྒྱས་འགོག་ཐབས་ཐད་ཉམས་ཞིབ་མཁས་པ་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་དང་ཉན་ཞིབ་གནང་ཡོད་པ་རེད།
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཐོག་མར་འདོན་མཁན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ཇིམ་མེཀ་གྷ་ཝརན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱེད་མཁན་གྱི་ཁོར་ཡུག་ལས་འགུལ་བ་མཚོ་སྔོན་ཁུལ་ནས་ཡིན་པ་ཨ་ཉ་སེང་སྒྲ་ལགས་འཛིན་བཟུང་བྱས་པ་ལུང་འདྲེན་གྱིས། བོད་ཀྱི་སྣོད་བཅུད་ཐད་ལ་ཉེན་ཚབས་ཆེན་པོ་ཡོད་པར་བློ་འཚབ་ཡོད་ཅེས་གསུངས་ཡོད་པ་རེད།
ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་གནམ་གཤིས་འགྱུར་ལྡོག་དང་། བོད་ཀྱི་རྩྭ་ཐང་སྲུང་སྐྱོབ་གང་འདྲ་བྱེད་ཀྱི་ཡོད་མེད། ཁོར་ཡུག་ལ་གཏོར་སྐྱོན་དང་། དུ་རླངས་ཀྱིས་མཁའ་རླུང་ཁོར་ཡུག་འབག་བཙོག་ཚད་ལས་བརྒལ་བའི་དཀའ་ངལ་སྤྲོད་བཞིན་པའི་ནང་། རྒྱ་ནག་གཞུང་གི་ཕྱོགས་ནས་༡༩༩༠་ལོར་འཛམ་གླིང་ཁྱོན་ཡོངས་ཀྱི་འཛུགས་སྐྲུན་གྱི་དུ་རླངས་འབག་བཙོག་བརྒྱ་ཆ་༩་ནས་ད་ལྟའི་ཆར་བརྒྱ་ཆ་༢༥་ལ་འཕར་ཡོད་པ་སོགས་ཀྱི་གནད་དོན་ཐོག་ལ་ཚོགས་ཆུང་གི་འཐུས་མི་ཚོས་དྲི་བ་བཏང་ཡོད་པ་རེད།
ཉན་ཞིབ་ལྷན་ཚོགས་ཐོག་ཕེབས་པའི་འབུམ་རམས་པ་(Emily Yeh)་ལགས་ནི། བོད་ཀྱི་ས་རྒྱུས་ཁོར་ཡུག་དང་རྒྱ་ནག་གི་འཛུགས་སྐྲུན་ཐད་ཀྱི་རྩོམ་པ་པོ་ཞིག་དང་། ཨ་མི་རི་ཀའི་ཀོ་ལོ་རེ་ཌོ་གཙུག་ལག་སློབ་ཆེན་དུ་སློབ་ཁྲིད་གནང་མཁན་ས་རྒྱུས་ཚན་རིག་པ་ཞིག་ཡིན་པ་རེད། ཁོང་གིས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དེ་འཛམ་གླིང་གི་ས་ཁུལ་གཞན་དང་བསྡུར་ན་ལྡབ་གྱུར་གྱིས་མྱུར་བ་དང་། འཁྱགས་རོམ་བཞུ་བ་དང་། རྩྭ་ས་མེད་པར་གྱུར་པ་སོགས་ནི་དཀའ་ངལ་གྱི་གཞི་རྩ་ཡིན་ཞིང་། མཚོ་ཆུང་མང་པོ་ཆགས་ཏེ། ད་ཆ་བོད་ནང་ཆུའི་ཐོན་ཁུངས་མང་དུ་འགྲོ་བཞིན་ཡོད་ནའང་ཕུགས་ལ་ཐན་པ་ཡོང་རྒྱུའི་ཉེན་ཁ་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁུལ་ནས་བོད་ཀྱི་འབྲོག་པ་མི་མང་ལྔ་ཁྲི་ལྔ་སྟོང་ཙམ་ ༢༠༠༤་ནས་༢༠༡༠་བར་མཉམ་འདུས་ཀྱི་གྲོང་སྡེ་ཁག་ནང་གཞིས་སྤོས་བྱེད་བཅུག་སྟེ། རྩྭ་ས་སྲུང་སྐྱོང་བྱེད་རྒྱུར་ཕན་རླབས་ཡོད་པའི་སྲིད་བྱུས་ལག་བསྟར་བྱས་པ་ཡིན་ཚུལ་བརྗོད་ཀྱང་། དེ་ནི་ས་གནས་བོད་མི་ཚོར་དཀའ་ངལ་གསར་པ་ཞིག་དང་། རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་གནམ་གཤིས་འགྱུར་ལྡོག་ལ་ཕན་ནུས་ཡོང་རྒྱུ་ཡིན་པ་བརྗོད་པ་དེ་དོན་དངོས་དང་མི་མཚུངས་པ་ཞིག་ཏུ་གྱུར་བཞིན་ཡོད་པ་དང་། བོད་མི་མང་པོ་ཞིག་ལ་གནའ་སྲོལ་རིག་གཞུང་དང་འབྲེལ་བའི་འཚོ་བའི་མདུན་ལམ་དོར་བཅུག་ནས་གྲོང་ཁྱེར་ཁག་ནང་སྡོད་རྒྱུར་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ་དང་། ད་ལྟའི་ཆར་དབྱར་རྩ་དགུན་འབུ་བརྐོས་བའི་ཡོང་འབབ་བརྒྱ་ཆ་༨༠་ཡིན་པ་དང་དེ་མིན་གཞུང་གི་གུན་གསབ་ལ་བརྟེན་དགོས་པར་གྱུར་ཡོད་པ་གསུངས་ཡོད་པ་རེད།
ད་དུང་འབྲོག་པ་གཞིས་སྤོ་བྱེད་བཅུག་པ་འདིས་བོད་མིའི་སྲོལ་རྒྱུན་གྱི་སྐད་དང་རིག་གཞུང་། གོམས་གཤིས་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་སྣོད་བཅུད་ཀྱི་གཞིས་སྤོས་སྲིད་བྱུས་འདི་བཞིན་བོད་རང་སྐྱོང་ལྗོངས་ནང་ལག་བསྟར་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་སོང་།
ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་མི་གཞིས་སྤོ་བྱེད་པའི་སྲིད་བྱུས་འདི་ཁོར་ཡུག་གི་གནད་དོན་ཐོག་ནས་བཤད་པ་མིན་པར། མཐའ་མཚམས་ས་ཁུལ་དུ་གྲོང་གསེབ་༦༠༤་གསར་བསྐྲུན་བྱས་ནས་བོད་མི་མང་པོ་ཞིག་མི་རིགས་གཞན་དང་མཉམ་དུ་གནས་སྤོ་བྱེད་བཅུག་གི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས། རྒྱལ་མཚམས་སྲུང་སྐྱོབ་དང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་མཉམ་དུ་ལག་བསྟར་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཚན་རིག་པ་འགའ་ཞིག་གིས་གོ་ལའི་ཚ་དྲོད་འཕར་ཚད་འགོག་ཐབས་སུ། རྒྱ་ནག་དང་མཉམ་དུ་ཨ་མི་རི་ཀས་གཅིག་གྱུར་གྱི་གཞོགས་འདེགས་བྱེད་དགོས་པ་གསུངས་ཀྱང་། གྲོས་ཚོགས་འཐུས་མི་ཊོམ་སིཝཛི་ལགས་ཀྱིས་༡༩༩༠་དང་ད་ལྟའི་མཁའ་རླུང་འབག་བཙོག་བཟོ་མཁན་བསྡུར་ན། རྒྱ་ནག་བརྒྱ་ཆ་༩་ནས་༢༥་ལ་འཕར་བ་དང་། ཨ་མི་རི་ཀ་བརྒྱ་ཆ་༡༩་ནས་༡༢་མར་ཆག་ཡོད་པ་གསུངས་ཡོད་པ་རེད།
ད་དུང་རྒྱ་ནག་གཞུང་གིས་ཁོར་ཡུག་གནས་བབ་ཡར་རྒྱས་ཐོག་ལ་སྐད་ཆ་བཤད་པ་གཅིག་པོ་མིན་པར། དོན་ལ་གནས་དགོས་བ་གལ་ཆེན་པོ་ཡིན་པ་དང་། ཁོར་ཡུག་སྲིད་བྱུས་དང་མཉམ་དུ་རྒྱ་ནག་དམར་ཤོག་ཚོགས་པ་འདི་ནི་ལས་དོན་བྱེད་མཁན་གྱི་ཆ་ནས་སྡུག་པོ་ཞིག་ཡིན་པས། གནས་སྟངས་སྡུག་པོ་ཡོད་པ་འདི་ཡར་རྒྱས་མ་བྱུང་གི་བར་དུ་ཁོང་གིས་རྒྱ་ནག་ལ་གནོན་ཤུགས་མུ་མཐུད་སྤྲོད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་གོང་འོག་མཉམ་འབྲེལ་ཐོག་རྒྱ་ནག་གི་ཁོར་ཡུག་ལས་དོན་ཐད་ཉན་ཞིབ་ཀྱི་ཚོགས་འདུ་འདི་ནི། རིང་མིན་གཟའ་འཁོར་དྲུག་གི་རྗེས་སུ་(COP26)་ཞེས་པའི་གྷིལསི་གྷོ་སུ་ལྷན་ཚོགས་གནང་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཚོགས་འདུའི་སྐབས་དང་བསྟུན་ནས། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཆེས་མཐོའི་ལྷན་ཚོགས་ཀྱི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་དང་། ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་(Jim McGovern)་གཉིས་དབུ་བཞུགས་ཐོག་ཉན་ཞིབ་གནང་ཡོད་པ་དང་། ཁོར་ཡུག་དང་ས་ཁམས་ཚན་རིག་པ། ཤིན་ཅང་ཡུ་གུར་གྱི་གནད་དོན་དབྱེ་ཞིབ་པ་བཅས་གདན་ཞུ་གནང་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།