མིའི་སེམས་ཀྱི་འགྱུར་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་།


2015.09.17
མིའི་སེམས་ཀྱི་འགྱུར་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་།
དགའ་ལྡན་ཕོ་བྲང་།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་དབྱིན་ཡུལ་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་བཞིན་པ་ལྟར། འདི་ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་རིང་མགོན་པོ་གང་ཉིད་ཀྱིས་དབྱིན་ཇིའི་སྙན་གྲགས་ཆེ་བའི་ Cambridge གཙུག་ལག་སློབ་གཉེར་ཁང་དུ་ཤེས་རབ་གོང་འཕེལ་དང༌། མིའི་སེམས་ཀྱི་འགྱུར་བ་ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ཚོགས་འདུར་ལྷན་ཞུགས་མཛད་འདུག གོང་ཞུས་བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་མཁན་དབྱིན་ཇིའི་ཡེ་ཤུའི་ཆོས་དཔོན་ཟུར་པ་ Archbishop of Canterbury Robert Williams ཡིན་པ་དང༌། བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་མཁན་མི་སྣ་གྲགས་ཅན་མང་པོ་ཡོད་པ་རྣམས་ཚོགས་ཆུང་སོ་སོར་ཆ་བགོས་ཀྱིས། བརྗོད་གཞི་གཙོ་བོ་ཤེས་རབ་གོང་འཕེལ་དང༌། མིའི་སེམས་ཀྱི་འགྱུར་བ་ཞེས་པ་གཞིར་བཞག་པའི་ཐོག་ནས་ཁོར་ཡུག་དང༌། རིག་རྩལ་འཕྲུལ་རིགས། རང་དབང༌། འཕྲོད་བསྟེན། ཤེས་ཡོན། རྩོད་རྙོག་འདུམ་འགྲིག་དང༌། དེ་བཞིན་སྤྱི་ཚོགས་ཀྱི་མཐུན་རྐྱེན་སོགས་ཀྱི་གནད་དོན་ཐོག་དགོངས་ཚུལ་བརྗེ་ལེན་གནང་ཡོད་པ་དང༌། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བའི་ནང༌། དུས་ཚོད་ནི་ག་དུས་ཡིན་ནའི་འགྱུར་བ་འགྲོ་བའི་རང་བཞིན་ཆགས་ཡོད། ང་ཚོས་འདས་པའི་གནས་ཚུལ་ལ་བཟོ་བཅོས་རྒྱག་ཐུབ་ཀྱི་མེད་ཀྱང༌། མ་འོངས་པ་ག་འདྲ་བཟོ་དང་མི་བཟོ་ང་ཚོའི་ལག་ཏུ་ཡོད། ད་ལྟའི་གནས་སྟངས་ག་རེ་ཆགས་ཡོད་རེད་ཟེར་ན། གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་ཀྱང༌། ང་ཚོའི་བསམ་བློ་གཏོང་སྟངས་རང་འཇགས་བསྡད་པའི་རྐྱེན་གྱིས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་རང་ཚོ་རང་གིས་བཟོས་པ་ཆགས་ཀྱི་ཡོད། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་དགོས་ན། དམིགས་ཡུལ་ངེས་ཅན་དང་བསམ་བློ་རྒྱ་ཆེ་ཙམ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་གནང་འདུག་ལ། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༡༨ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་འདུག།


གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎