རྒྱ་རིགས་གྲགས་ཅན་ཁག་གིས་ནི་ཡ་ཛི་གློད་འགྲོལ་ཆེད་རེ་སྐུལ།
2010.07.31
༄༅༎རྒྱ་ནག་ནང་སྙན་གྲགས་ཆེ་བའི་ཤེས་ལྡན་མི་སྣ་བཅུ་གྲངས་ཤིག་གིས་ཉེ་ཆར་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ་ཡུ་གུར་མི་རིགས་ཀྱི་གསར་འགོད་པ་ནི་ཡ་ཛི་གློད་འགྲོལ་དགོས་པའི་འབོད་སྐུལ་གྱི་ཡོངས་ཁྱབ་ཡི་གེ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་རེད་
ཡོངས་ཁྱབ་ཡི་གེ་དེའི་ནང་རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་ལ་སྲུང་བརྩི་ཞུས་ནས་མི་རིགས་མཐེན་རྐྱེན་གྱི་གནད་དོན་སེལ་ཐབས་གནང་དགོས་པ་དང་ གསར་འགོད་པ་ནི་ཡ་ཛི་ནི་རྒྱུན་རིང་པོའི་ནང་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་གྱི་ཡུ་གུར་མི་རིགས་ཀྱི་གསར་འགོད་པ་ཞིག་ཡིན་པ་དང་ རྒྱ་ནག་གཞུང་གིས་མི་དེ་འདྲ་ཞིག་ལ་ནག་ཉེས་མེད་པར་ཞ་མོ་གཡོག་ནས་ནག་ཉེས་བཟོས་ཏེ་ཁྲིམས་ཐག་ལྗིད་པོ་བཏང་བ་དེས་ ཐལ་སྐྱོད་ཅན་གྱི་མི་སྣ་ཚོའི་བྱ་སྤྱོད་ལ་སྐུལ་སྤེལ་བྱུང་སྟེ་ ཡུ་གུར་དང་རྒྱ་མི་རིགས་དབར་གྱི་འབྲེལ་ལམ་ལ་དེ་བས་གནོད་ཚབ་བཟོ་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་རེད་
ཡང་ཡོངས་ཁྱབ་ཡི་གེ་དེའི་ནང་ད་དུང་བཀོད་པར་ དེ་མིན་གྱི་ཡུ་གུར་གྱི་དྲ་རྒྱ་དང་གསར་འགྱུར་ལས་རིགས་མི་སྣ་ཁ་གཅིག་ལ་སྨྲ་བརྗོད་དང་ལྟ་ཚུལ་མི་འདྲའི་རྐྱེན་གྱིས་འཛིན་བཟུང་དང་ཁྲིམས་གཅོད་བྱེད་བཞིན་པའི་གནས་སྟངས་ལ་ཡང་ཁོང་ཚོར་སེམས་ཚབ་ཆེན་པོ་ཡོད་པའི་སྐོར་གསལ་སྟོན་བྱས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུས་ནས་མི་རིགས་དབར་གྱི་འགལ་ཟླ་སེལ་ཐབས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབས་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད་
སྐུ་ཞབས་ནི་ཡ་ཛི་ཡིས་ན་ནིང་ཕྱི་ཟླ་བདུན་པའི་ནང་ཡུ་གུར་མི་རིགས་དང་ཤིན་ཅང་ནང་ཡོད་པའི་རྒྱ་རིགས་དབར་གྱི་འཁྲུག་ཟིང་གི་དོན་རྐྱེན་དེའི་རྗེས་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་གྱི་བཅའ་འདྲིར་ལན་འདེབས་གནང་སྐབས་དོན་རྐྱེན་གྱི་འབྱུང་གཞི་སོགས་དབྱེ་ཞིབ་གནང་བ་དང་འབྲེལ་དེའི་སྐབས་ཀྱི་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཀྱི་ལས་དོན་སྤེལ་ཕྱོགས་ལ་ཡང་སྐྱོན་བརྗོད་གནང་བ་སོགས་ཀྱིས་ ལོ་དེའི་ཕྱི་ཟླ་བཅུ་པའི་ནང་ཁོང་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་ ད་ལོ་ཕྱི་ཟླ་བདུན་པའི་ཚེས་༢༣ཉིན་ཨུ་རུམ་ཆིའི་འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚབ་བཟོས་པའི་ཉེས་བཙུགས་ཐོག་ནས་ ཁོང་ལ་བཙོན་འཇུག་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད༎