རྒྱ་ནག་གིས་བོད་ནང་དབྱར་རྩ་དགུན་འབུ་ཚོང་བསྒྱུར་དོ་དམ་གྱི་ཆེད་སྒྲིག་གཞི་དོན་ཚན་ལྔ་བསྒྲགས་འདུག

བོད་རང་སྐྱོང་ལྗོངས་ཁྲོམ་རྭ་དོ་དམ་ལས་ཁུངས་ཟེར་བས་དབྱར་རྩྭ་དགུན་འབུ་ཚོང་བསྒྱུར་དོ་དམ་བྱ་ཆེད་གྱི་སྒྲིག་གཞི་དོན་ཚན་ལྔ་ཡོད་པ་ཞིག་བཏོན་ཡོད་པ་དང་། སྒྲིག་གཞི་དེའི་ནང་། འབུ་ཚོང་རྒྱག་མཁན་རྣམས་ལ་ཚོང་ལས་བྱེད་ཆོག་པའི་ཁྲིམས་མཐུན་ལག་ཁྱེར་དགོས་པ་དང་། ཡང་ཚོང་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་འགན་འཁུར་བྱ་དགོས་པ། བཅོས་མའི་དབྱར་རྩ་དགུན་འབུ་རྣམས་རི་སྐྱེས་དབྱར་རྩ་དགུན་འབུ་ཡིན་ཁུལ་གྱིས་བཙོང་པའམ། འདེབས་ལས་བྱེད་པའི་བཅོས་མའི་དབྱར་རྩ་དགུན་འབུ་དང་རི་སྐྱེས་དབྱར་རྩ་དགུན་འབུ་གཉིས་མཉམ་བསྲེས་ཀྱིས་ཁེ་བཟང་ཆེན་པོ་ལེན་མི་ཆོག་པའི་བཀག་སྡོམ་ནན་པོ་བྱ་དགོས་པ་སོགས་འཁོད་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གྱིས་ཕྱི་ཚེས་ ༡༡ ཉིན་གནས་ཚུལ་སྤེལ་འདུག་ལ། སྒྲིག་གཞི་གསལ་བསྒྲགས་བྱས་པ་དེའི་ནང་ད་དུང་། དབྱར་རྩྭ་དགུན་འབུར་ཚོན་རྩི་གཏོང་བ་དང་། ཚད་ལྡན་མིན་པའི་ཚོང་ལས་ཁྱབ་བསྒྲགས་དང་དྲིལ་བསྒྲགས་བྱེད་མཁན་ལ་ཉེས་ཆད་ནན་པོ་བྱ་རྒྱུ་ཡིན་ཞེས་ཀྱང་འཁོད་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གོང་ཞུས་དོན་ཚན་ལྔ་དེའི་སྐོར་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཉེན་རྟོག་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཞིག་ལ་ཁ་པར་བཏང་ནས་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས་ད་རེས་བོད་རང་སྐྱོང་ལྗོངས་ཀྱིས་དབྱར་རྩྭ་དགུན་འབུ་ཚོང་བསྒྱུར་དོ་དམ་བྱ་ཆེད་ལམ་སྟོན་ཕྱིར་བསྒྲགས་བྱས་པ་དེ་དག་ལག་ལེན་བསྟར་རྒྱུར་གནད་དགག་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་དང་། དེ་སྔོན་རྫོང་དང་ས་ཁུལ་སོ་སོར་དོ་དམ་ཐད་ལག་བསྟར་གནད་ལ་འཁེལ་བའི་ནུས་པ་དེ་ཙམ་ཐོན་གྱི་ཡོད་མ་རེད། གོང་ཞུས་ལམ་སྟོན་དེ་ནི་འབུ་བརྐོ་མཁན་ཚོ་སྲུང་སྐྱོབ་དང་། འབུ་འདེབས་ལས་ཀྱི་ཚོང་ཟོག་གིས་ཁྲོམ་ར་ལ་བརྡབ་གསིག་མི་ཐེབས་པ་བྱུང་ན་རང་བྱུང་ས་ཁུལ་དུ་སྐྱེས་པའི་འབུ་དངོས་གནས་ཀྱི་རིན་ཐང་དེ་རང་སོར་གནས་ཀྱི་ཡོད་སྟབས་སྒྲིག་གཞི་དེ་ཡག་པོ་ཞིག་རེད་བརྗོད་འགྲེལ་བརྗོད་བྱས་བྱུང་།
ཡང་ཁོང་གིས་མུ་མཐུད་བརྗོད་དོན། འབུ་རྫུན་མ་བཟོ་མཁན་ནི་རྒྱ་མི་རིགས་དང་ཁ་ཆེ་བ་ཡིན་པ་དང་། ཁོང་ཚོས་འབུ་རྫུན་མ་དེ་ཚོ་དངོས་གནས་ཡིན་ཁུལ་གྱིས་བཙོང་གི་ཡོད་འདུག འབུ་ཡི་ཚོང་ཟོག་རྫུན་མ་ཡོད་པར་བརྟེན་འབུ་ངོ་མ་བཙོང་མཁན་ཚོར་གྱོང་གུན་ཕོག་པ་མ་ཟད། རང་བྱུང་གི་འབུའི་རིན་ཐང་སྐྱོ་རུ་འགྲོ་བཞིན་ཡོད་པ་དང་། འབུ་ངོ་མའི་ཁྲོམ་རྭ་ལ་དོ་ཕོག་ཐེབས་ཀྱི་ཡོད་ཙང་ཞིང་འབྲོག་མང་ཚོགས་འབུ་བརྐོ་ནས་དཀའ་ལས་རྒྱག་མཁན་ཚོས་རྙོག་ཁྲ་དང་ཟིང་སླང་སྲིད་པ་དང་། དེས་རང་བཞིན་གྱིས་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གནོད་སྐྱོན་མི་འགྲོ་བ་སོགས་ཀྱིས་དཀའ་ངལ་དེ་དག་འགོག་ཐབས་སུ་དམིགས་ནས་སྒྲིག་གཞི་དེ་བཟོས་པ་རེད་ཅེས་གསལ་བཤད་ཀྱི་ཚུལ་དུ་འགྲེལ་བརྗོད་བྱས་བྱུང་།
སྤྱིར་བཏང་བོད་རང་སྐྱོང་ལྗོངས་ཁུལ་དུ་ད་ཆ་དབྱར་རྩ་དགུན་འབུ་བརྐོ་བའི་ནམ་དུས་ཚེས་པ་དང་། དབྱར་རྩ་དགུན་འབུ་ཚོང་གཉེར་ཚད་ལྡན་དུ་བཟོ་ཆེད་ཁྲིམས་འགལ་གྱི་ཚོང་ལས་ཁག་ཅིག་ལ་དྲག་གནོན་ནན་པོ་བྱེད་རྒྱུ་དང་། ཞིང་འབྲོག་གཙོས་པའི་འབུ་བཀོལ་སྤྱོད་བྱེད་མཁན་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་དོན་ཚན་ལྔ་ཅན་གྱི་སྒྲིག་གཞི་འདི་གཏན་འབེབས་བྱས་པ་ཞིག་ཡིན་པ་བརྗོད་བྱུང་།
ཡང་དྲ་ཐོག་ཏུ་བོད་ནས་ཀརྨ་པ་ཞེས་པའི་བོད་མི་ཞིག་གིས་མི་ཡིས་བཟོས་པའི་དབྱར་རྩ་དགུན་འབུ་དེ་རིགས་བཀག་འགོག་བྱེད་དགོས་པ་དང་། དེར་མང་ཚོགས་ནས་འབྲེལ་ཡོད་ལས་ཁུངས་སུ་ཞུ་གཏུག་རྒྱབ་དགོས་པ་རེད་ཅེས་ནན་སྐུལ་བྱས་འདུག ཁོང་གིས་ད་ལྟའི་སྐབས་སུ་མིས་འདེབས་འཛུགས་བྱེད་པའི་དབྱར་རྩ་དགུན་འབུ་དེ་དྲོད་ཁང་ནང་བཏབ་ཡོད་པ་དང་། ཡང་རྒྱ་མིས་རིམ་བཞིན་འཕེལ་རྒྱས་བཏང་ནས་རི་མགོ་ལ་འདེབས་ལས་ཀྱི་འཆར་གཞི་འཐེན་གྱི་ཡོད་འདུག དེའི་རྒྱུ་མཚོན་གཙོ་བོ་དེ་རྒྱ་མི་ཚོས་རིམ་བཞིན་བོད་པ་ཚོར་དབྱར་རྩ་དགུ་འབུ་བརྐོ་ན་དེས་ཁོར་ཡུག་སྲུང་སྐྱོབ་ལ་གནོད་ཀྱི་འདུག་ཅེས་བརྗོད་བཞིན་བོད་མི་ཚོས་དབྱར་རྩ་དགུན་འབུའི་ཚོང་ལས་ལ་བརྟེན་ས་མེད་པ་ཆགས་རྒྱུའི་ཉེན་ཁ་བཟོ་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག
བོད་ནང་དེང་སྐབས་དབྱར་རྩ་དགུན་འབུ་ནི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་གཙོ་གྲས་ཞིག་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ། བློ་བཟང་ཆོས་འཕེལ། བསྟན་འཛིན་པདྨ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།