བོད་མི་དབྱར་རྩྭ་དགུན་འབུ་བརྐོ་བཙོང་བྱེད་མཁན་ཁག་ཅིག་ལ་རྒྱ་མི་ཚོང་པ་ཞིག་གིས་རྒྱ་སྒོར་ཁྲི་ཉིས་བརྒྱ་ལྷག་གི་ཁ་བསླུས་བརྒྱབ་འདུག
བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཁོངས་སུ་དབྱར་རྩྭ་དགུན་འབུ་བརྐོ་བཙོང་བྱེད་མཁན་བོད་མི་༢༦ལ་རྒྱ་མི་ཚོང་པ་ཞིག་གིས་རྒྱ་སྒོར་ཁྲི་ཉིས་བརྒྱ་ལྔ་བཅུ་ལྷག་གི་ཁ་བསླུས་བརྒྱབ་རྗེས་བྲོས་ཕྱིན་ནས་ད་དུང་རྩད་གཅོད་ཐུབ་མི་འདུག
གནད་དོན་དེ་རྩད་གཅོད་ཆེད་རྒྱ་ནག་ཏུ་རང་མོས་ཀྱིས་འགྲོ་མཁན་བོད་མི་དྲུག་སྟེང་ཆེན་རྫོང་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཅིང་། བོད་མི་དེ་དག་གི་མཚན་ལ་དར་རྒྱས་ལགས་དང་། གྲུབ་དགའ་ལགས། ངག་རྡོ་ལགས། བསམ་གྲུབ་ལགས། ཚེ་རིང་དར་རྒྱས་ལགས། ཚེ་དགའ་ལགས་བཅས་ཡིན་འདུག ཁོང་རྣམས་ཆབ་མདོ་གྲོང་ཁྱེར་གྱི་ཉེན་རྟོག་པ་གཉིས་དང་རྒྱ་ནག་གི་ས་གནས་ཀྱི་ཉེན་རྟོག་པ་བཅས་མཉམ་རུབ་ཀྱིས་ཕྱི་ཟླ་༦ཚེས་༡༨ཙམ་ལ་རྒྱ་ནག་ནས་ཡར་བཙན་ཁྲིད་ཀྱིས་ཆབ་མདོ་ལ་ཉིན་འགའ་ཤས་བཞག་ནས་དེའི་རྗེས་ད་ལྟ་སྟེང་ཆེན་རྫོང་ཉེན་རྟོག་པས་འཛིན་བཟུང་གིས་གང་ཡོད་ཤེས་རྟོགས་མེད་པ་རེད།
དེ་ཡང་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་མི་སྣ་འགའ་ཤས་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་བོད་ནང་དབྱར་རྩ་དགུན་འབུ་ཐོན་སྐྱེད་ཡག་པོ་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་སྟེང་ཆེན་རྫོང་ཁོངས་སུ་བོད་མི་ཉི་ཤུ་རྩ་དྲུག་གིས་དབྱར་རྩ་དགུན་འབུ་རང་སོ་སོར་གང་ཡོད་པ་དེའི་སྒང་ལ་མི་གཞན་གྱི་ས་ནས་མངགས་ཉོ་བྱས་ཏེ་དབྱར་རྩ་དགུན་འབུ་ཡོད་ཚད་རྒྱ་མི་ཚོང་པ་ཆེན་པོ་མིང་ལ་ལིན་ཅུན་ཡོན་(林金元)་འབོད་ཀྱི་ཡོད་ཟེར་མཁན་དེས་དབྱར་རྩ་དགུན་འབུ་ཚོང་རྒྱག་མཁན་གཞན་ལས་རྒྱ་མ་རེར་རྒྱ་སྒོར་སྟོང་ཕྲག་ལྔ་འཕར་མ་སྤྲད་སྟབས་ཁོང་ལ་བཙོང་པ་ཞིག་ཡིན་འདུག
རྒྱ་མི་ཚོང་པ་དེ་ལ་ཚོང་ཁང་དང་མགྲོན་ཁང་སོགས་རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཐེ་ཅིང་བཅས་སུ་ཡོད་པ་བཤད་སྐབས་བོད་པ་ཚོས་ཡིད་ཆེས་བྱས་ཏེ་ཁོང་ལ་དབྱར་རྩ་དགུན་འབུ་རྒྱ་སྒོར་ཁྲི་ཉིས་བརྒྱ་ལྔ་བཅུ་ལྷག་གི་མ་གནས་བཙོང་ཡོད་འདུག་པ་དང་། རྒྱ་མི་དེས་ཁོང་ཚོར་བྱུང་འཛིན་སྤྲོད་ཅིང་། ཉིན་ཤས་རྗེས་སུ་དངུལ་ལག་ནས་ལེན་རྒྱུ་བྱེད་ཡོད་འདུག
འོན་ཀྱང་རྒྱ་མི་དེ་ཉིན་ཤས་རྗེས་ཏེ་ཕྱི་ཟླ་༦ཚེས་༩ཉིན་སྟེང་ཆེན་ནས་གང་ཡོད་ཧ་མ་གོ་པར་བྲོས་ཕྱིན་ཡོད་པ་དང་། རྒྱ་མི་ཚོང་པ་ཆེན་པོ་དེ་སྟེང་ཆེན་རྫོང་དུ་བཙལ་འཚོལ་བྱས་ཀྱང་མ་རྙེད་སྟབས་གཞི་ནས་རྒྱ་མི་དེས་མགོ་སྐོར་བསླུ་བྲིད་བྱས་པ་ཤེས་རྗེས་སུ་བོད་པ་རྣམས་དངངས་སྐྲག་ཆེན་པོ་ལངས་ནས་བྱུང་འཛིན་ཐོག་གི་ཁ་བྱང་ལ་བལྟས་ནས་ཁོང་རྗེས་འདེད་ཀྱིས་རྒྱ་ནག་ཐེན་ཅིན་དུ་བོད་མི་འབྲེལ་ཡོད་ཚོང་པ་༢༦ཚང་མ་བསྐྱོད་ཡོད་འདུག འོན་ཀྱང་ཁོང་ལ་རྒྱ་ནག་གྲོང་ཁྱེར་ནང་མགྲོན་ཁང་དང་ཟ་ཁང་བྱུང་འཛིན་ཐོག་ཡོད་རེད་ཟེར་བ་དེ་དག་ཀྱང་མི་གཞན་ལ་བདག་པ་ཡིན་པ་གཞི་ནས་ཤེས་ཏེ་མི་ངོ་མ་རྩ་བ་ནས་རྩད་གཅོད་ཐུབ་མེད་པ་རེད།
བོད་མི་དེ་དག་རྒྱ་ནག་ཐེན་ཅིན་དུ་སླེབས་ནས་ཐབས་ཤེས་གཞན་མེད་པ་བྱུང་འཛིན་ཐོག་ཡོད་པའི་ཁེ་གཉེར་ལས་ཁང་ཞིག་མདུན་དུ་ཉལ་ནས་བསྡད་པ་དང་། ཚོང་ཁང་བདག་པོས་ས་གནས་ཉེན་རྟོག་པ་སྐད་བཏང་ནས་བོད་མི་ཚོའི་བྱ་སྤྱོད་དག་ཁྲིམས་འགལ་རེད་ཅེས་བརྗོད་ཅིང་། ཚོང་ཁང་མདུན་རྒྱ་མིའི་དམག་མི་བཏང་ནས་ཁོང་ཚོ་རྡུང་རྡེག་བཏང་པ་དང་བཀག་བསྐྱིལ་བྱས་འདུག་པ་མ་ཟད། རྒྱ་ནག་གི་ཉེན་རྟོག་པས་བོད་པ་དེ་དག་ནང་ནས་ཚོ་གཅིག་ཕྱིར་བོད་ནང་བཙན་ཁྲིད་བྱས་འདུག ཡང་བོད་མི་གྱོང་གུན་ཕོག་མཁན་ཞིག་གིས་རྒྱ་མིའི་དམག་མི་དེ་དག་ལ་སྐད་ཆ་བཤད་ས་རྩ་བ་ནས་མི་འདུག སྐད་ཆ་གཤོད་གྲབ་བྱེད་པའི་སྐབས་རྒྱུག་པ་རིང་པོ་བཞུས་ནས་དཔེ་མེད་རྡུང་རྡེག་གཏང་བྱུང་ཞེས་བརྗོད་བྱུང་།
རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་རྒྱ་ནག་ནང་བོད་པ་དེ་དག་གིས་ཞུ་གཏུག་བྱེད་རྒྱུ་ཡིན་ན་རྒྱ་ནག་གི་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་རིམ་པར་བརྒྱུད་ནས་འགྲོ་ལུགས་གཞི་བཟུང་ཡར་ཞུ་དགོས་པ་མ་གཏོགས་བོད་པ་དེ་དག་སྡེབ་གཅིག་ལ་རྒྱ་ནག་ལ་ཡོང་ནས་ངོ་རྒོལ་དང་ཞུ་སྐུལ་བྱེད་པ་དེ་ཟིང་ཆ་སླང་པ་ཟེར་ནག་ཉེས་སུ་ངོས་འཛིན་གྱིས་བཀག་ཉར་བྱས་ཡོད་འདུག བོད་པ་ཚོས་ཁོང་ཚོ་ལ་དཔལ་འབྱོར་གྱི་གྱོང་གུན་ཕོག་པ་དེ་གུན་གསབ་རག་ཐབས་ཆེད་མ་གཏོགས་གཞན་གང་ཡང་རྙོག་ཟིང་སློང་རྒྱུའི་སྐུལ་སློང་མེད་ཅེས་བརྗོད་འདུག
རྒྱ་མི་ཉེན་རྟོག་ལས་བྱེད་པས་འབུ་ཚོང་ཁ་བསླུས་རྒྱག་མཁན་རྒྱ་མི་དེ་ལས་བོད་པ་ཚོ་རྒྱ་ནག་ནང་གང་འདོད་ཀྱིས་གྱོད་གཏུག་བྱེད་པ་ཡོང་བ་དེ་ཉེས་པ་ཆེ་བ་ཡོད་ཅེས་བརྗོད་ཅིང་། ཁོང་ཚོའི་སར་དངུལ་ཕྲན་བུ་ཡོད་པ་དག་ཀྱང་འཕྲོག་ནས་ཉིན་བཅུ་གྲངས་ཙམ་བཀག་ཉར་བྱས་འདུག དེའི་རྗེས་ཆབ་མདོ་ནས་ཉེན་རྟོག་པ་གཉིས་ཆེད་དུ་ཁོང་ཚོའི་དོན་དུ་རྒྱ་ནག་ནང་སླེབས་ཏེ་སྐད་བསྒྱུར་བྱེད་མཁན་ཡིན་ཟེར་བ་དང་། ཕྱི་ཟླ་༦ཚེས་༡༨ཉིན་བོད་མི་ཚོ་ཁག་གཅིག་ཡར་སྟེང་ཆེན་ལ་རླངས་འཁོར་ནང་བླུགས་ནས་ཁྲིད་ཡོད་འདུག བོད་མི་དེ་དག་གིས་ཆབ་མདོ་ཉེན་རྟོག་པར་རྒྱ་མིའི་ཚོང་པ་དེས་སྤྲོད་པའི་བྱུང་འཛིན་སོགས་བསྟན་ཤོག་ཟེར་བ་བཞིན་ཁ་བསླུས་རྒྱག་མཁན་རྒྱ་མི་ཚོང་པ་དེའི་པར་དང་བྱུང་འཛིན་ཡིག་ཆ་བཅས་དཔང་རྟགས་ཚང་མ་ཡར་བསྡུས་ཡོད་འདུག འོན་ཀྱང་ཁོང་ཚོའི་ཁྲོད་དཀའ་ངལ་ནང་ལྷུང་པའི་བོད་མི་འགའ་ཤས་ད་དུང་ཡང་མུ་མཐུད་རྒྱ་ནག་ནང་རྒྱ་མི་ཚོང་པ་དེ་རྩད་གཅོད་དང་གྱོད་གཏུག་བྱེད་རྒྱུ་བྱས་ཀྱང་ཕྱི་ཟླ་༦ཚེས་༢༥ཉིན་འདི་གར་རླུང་འཕྲིན་ཁང་ལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་ཁོང་རྣམ་པ་ཚང་མ་ཡར་སྟེང་ཆེན་ལ་སླེབས་ཡོད་ཅིང་། དེ་དག་གི་ནང་ནས་མི་༩ཡི་ཁ་པར་འཕྲོག་ཡོད་པ་དང་ས་གནས་རང་ལ་མ་གཏོགས་གཞན་གང་དུ་ཡང་འགྲོ་མི་ཆོག་ཅེས་ཉེན་རྟོག་པས་བརྗོད་འདུག དེ་བཞིན་རྒྱ་མི་ཚོང་པས་དབྱར་རྩ་དགུན་འབུ་མགོ་སྐོར་བཏང་ནས་འཕྲོག་སོང་ཟེར་བ་རྩ་བ་ནས་བཤད་ཆོག་མེད་ཅེས་བོད་པ་ཚོར་ཉེན་བརྡ་བཏང་ཡོད་འདུག
ས་གནས་རྒྱ་ནག་གཞུང་གིས་རྒྱ་མི་ཁ་བསླུས་རྒྱག་མཁན་རྩད་གཅོད་གཏོང་དགོས་ཞེས་བརྗོད་ནའང་བོད་པ་ཚོས་ཁོང་ཚོར་ཕར་ཚུར་ངོ་ཤེས་ཡིན་སྲིད་པའི་དངུལ་དངོས་ཚུར་རག་རྒྱུའི་རེ་བ་དེ་ཙམ་མེད་སྐོར་བརྗོད་འདུག དེར་བརྟེན་བོད་མི་དེ་དག་འུ་ཐུག་གིས། ཁོང་ཚོར་རྒྱ་ནག་གཞུང་གིས་རྒྱ་ནག་གི་ས་ཆ་གང་སར་སློང་མོ་རྒྱག་ཆོག་པའི་སློང་འཛིན་སྤྲོད་རོགས་ཞེས་ཞུས་འདུག དེ་མིན་བོད་མི་དེ་དག་གི་དངུལ་ཡོད་ཚད་འབུའི་ཚོང་ལས་ནང་ཐིམས་ནས་ཡོད་པས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་བརྗོད་འདུག འོན་ཀྱང་གཞུང་གིས་སློང་འཛིན་དེ་སྤྲོད་རོགས་བྱེད་རྒྱུ་ལྟ་ཅི་བོད་མི་དེ་དག་ལ་ཚུལ་དང་ལམ་ལུགས་གང་དང་མི་མཐུན་པར་རྒྱ་ནག་ནང་ཡོང་ནས་ཟིང་སློང་རྒྱུར་མ་ཉེས་ཁ་གཡོག་བྱས་འདུག
དཀའ་ངལ་འཕྲད་པའི་བོད་མི་དེ་དག་གི་མིང་ལ་བཀྲ་རྡོ་དང་། ཚེ་རིང་དོན་འགྲུབ། བློ་བཟང་དར་རྒྱས་ཟེར་བ་སོགས་མི་༢༦ཡོད་པ་དེ་དག་སྟེང་ཆེན་ནས་ཞིང་འབྲོག་ཉམས་ཆུང་འབུ་བརྐོ་ཚོང་མཁན་ཁོ་ན་ཡིན་འདུག
སྟེང་ཆེན་རྫོང་གི་དཔོན་རིགས་དང་ཉེན་རྟོག་པས་བོད་མི་དཀའ་ངལ་ནང་ལྷུང་མཁན་ཚོར་ཁོང་ཚོའི་ཁ་ལ་ཡག་པོ་ཉན་པ་ཡིན་ན་དངུལ་རག་ཐབས་བྱེད་ཆོག་གི་རེད། དེ་མིན་སྣང་བ་གང་དྲན་བྱས་ན་རྒྱ་མིས་རྡུང་རྡེག་དང་བཙོན་ནང་འཇུག་རྒྱུ་སོགས་གང་རུང་བྱེད་སྲིད་པས་ང་ཚོས་འགན་ཁུར་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
ལོ་ཤས་སྔོན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཐོན་པའི་གནས་ཚུལ་ཞིག་གི་ནང་། བོད་ནང་རྒྱ་ནག་གི་ཉེན་རྟོག་པའི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཟེར་བ་སྡེ་ཚན་ཞིག་བཙུགས་ཡོད་པ་དེས་མི་དམངས་ལ་མགོ་སྐོར་གཏང་བའི་གནད་དོན་རིག་ལ་མཐུན་འགྱུར་གནང་གིན་ཡོད་འདུག དེ་ཡང་ཕྱི་ལོ་༢༠༡༩ལོ་ཧྲིལ་པོར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་རོབ་རྩིས་བྱས་ན་མང་ཚོགས་ལ་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་ཁྲི་༣༥༠ལྷག་ཙམ་འདེད་ལེན་བྱས་ཡོད་ལུགས་དང་། ལྷ་སའི་སྤྱི་བདེས་རྒྱ་ཆེའི་གྲོང་མིར་དྲ་ཐོག་གི་དངུལ་བུན་ཁ་བསླུས་དང་། ངོ་ཤེས་ལ་བརྫུས་ནས་ཁ་བསླུས་རྒྱག་པ། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལ་བརྫུས་ནས་ཁ་བསླུས་རྒྱག་པ་སོགས་ཐོན་མང་བའི་གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད་ཅེས་བརྗོད་འདུག
བོད་ནང་གི་མི་མང་པོ་ཞིག་ལ་རྒྱ་མིས་དབྱར་རྩ་དགུན་འབུ་ཉོ་མཁན་ཡིན་མདོག་གིས་ཁ་བསླུས་བརྒྱབ་པའི་གནས་ཚུལ་འདས་པའི་དུས་ཡུན་ནང་ཡང་ཡང་བྱུང་ཡོད་པ་རེད། བོད་མི་འགའ་ཤས་ཀྱིས་དངུལ་དངོས་ཚུར་རྩ་བ་ནས་རག་གི་མེད་པ་རེད་འདུག
གསར་འགོད་པ། བློ་བཟང་ཆོས་འཕེལ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།