རྒྱ་ནག་དང་མཡན་མར་གཉིས་དྲྭ་རྒྱའི་རང་དབང་མེད་པའི་ཡུལ་ལུང་ཆེས་སྡུག་ཤོས་ཡིན་པ་རང་དབང་ཁང་པའི་སྙན་ཐོའི་ནང་གསལ་འདུག

ཕྱི་ཟླ་༡༠པའི་ཚེས་༡༦ཉིན། ཨ་རིའི་རང་དབང་ཁང་པས་ཕྱི་ལོ་༢༠༢༤ལོའི་དྲ་རྒྱའི་རང་དབང་གནས་སྟངས་ཐད་ཀྱི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་རྒྱ་ནག་དང་མཡན་མར་གཉིས་འཛམ་གླིང་ནང་དྲྭ་རྒྱའི་རང་དབང་མེད་པའི་་ཡུལ་ལུང་ཆེས་སྡུག་ཤོས་ཡིན་པ་གསལ་འདུག སྙན་ཐོ་འདོན་སྤེལ་གྱི་དྲ་ཐོག་བགྲོ་གླེང་ཚོགས་འདུའི་སྐབས་སུ་རང་དབང་ཁང་པའི་གཙོ་འཛིན་ལས་ཚབ་(Nicole Bibbens)་ལགས་ཀྱིས་གསུང་རྒྱུར། འོས་འདེམས་ལ་ཐེ་ཇུས་དང་དྲ་གནས་སྨྲ་བརྗོད་རང་དབང་ལ་ཉིན་རེ་བཞིན་རྒོལ་རྡུང་ཚབས་ཆེ་རུ་འགྲོ་བར་བརྟེན་ནས། འཛམ་གླིང་གི་དྲ་རྒྱའི་རང་དབང་གི་གནས་སྟངས་མུ་མཐུད་དུ་ལོ་བཅུ་བཞིའི་རིང་ཇེ་སྡུག་ཏུ་ཕྱིན་ཡོད་པ་བརྗོད་བྱུང་། དེ་བཞིན་རང་དབང་ཁང་པའི་གོང་ཞུས་སྙན་ཐོ་འདོན་སྤེལ་གནང་མཁན་ཉམས་ཞིབ་པ་(Allie Funk)་ལགས་ཀྱིས། འདས་པའི་ལོ་གཅིག་རིང་འཛམ་གླིང་གི་རྒྱལ་ཁབ་༧༢གྱི་ནང་ཉམས་ཞིབ་བྱས་པའི་ཁྲོད་ཉུང་མཐའ་རྒྱལ་ཁབ་༢༥ཡི་སྲིད་གཞུང་གིས་འོས་འདེམས་སྐབས་སུ་མི་མང་ནས་དྲ་རྒྱ་བེད་སྤྱོད་ཐད་བཀག་སྡོམ་དང་། སྤྱི་ཚོགས་དྲ་གནས་བེད་སྤྱོད་ལ་ཚོད་འཛིན་དང་ཡང་ན་ཆབ་སྲིད་དང་སྤྱི་ཚོགས། ཆོས་ལུགས་སྐོར་གྱི་གཏམ་བརྗོད་སྤེལ་སའི་དྲ་གནས་བཀག་སྡོམ་བྱེད་བཞིན་པ། ནམ་རྒྱུན་དེ་ནི་འོས་འདེམས་ཀྱི་མཇུག་འབྲས་ལ་ཤུགས་རྐྱེན་མི་ཐེབས་པའི་རྐྱེན་པ་བརྗོད་ཡོད་ནའང། སྲིད་གཞུང་ནས་ད་དུང་མི་སྣ་འཛིན་བཟུང་དང་དྲག་སྤྱོད་སོགས་རྣམ་པ་གཞན་པའི་དྲག་གནོན་གྱི་ཐབས་ཇུས་བཀོལ་ནས་དྲ་རྒྱའི་སྨྲ་བརྗོད་རང་དབང་ཐད་དྲག་གནོན་བྱེད་བཞིན་པ་རེད་གསལ་སྟོན་གནང་སོང་།
རང་དབང་ཁང་པའི་ཉམས་ཞིབ་པ་རྒན་པ་དང་གོང་ཞུས་སྙན་ཐོ་འདོན་སྤེལ་གནང་མཁན་(Kian Vesteinsson)་ལགས་ཀྱིས་ངོ་སྤྲོད་གནང་སྐབས། ཉུང་མཐའ་རྒྱལ་ཁབ་༥༦ནང་དྲ་གནས་བེད་སྤྱོད་པས་ཆབ་སྲིད་དང་སྤྱི་ཚོགས་ཆོས་ལུགས་ཐད་གཏམ་བརྗོད་སྤེལ་བར་བརྟེན་འཛིན་བཟུང་བྱས་ཡོད་པ་དང་། ཡང་ཉུང་མཐའ་རྒྱལ་ཁབ་༤༣ནང་མི་དམངས་ནས་དྲ་ཐོག་བྱ་འགུལ་སྤེལ་བར་བརྟེན་མི་སྒེར་ལ་གནོད་འཚེ་བསྐྱལ་བ་དང་ཡང་ན་དམར་གསོད་བཏང་བའི་གནས་ཚུལ་བྱུང་བཞིན་པ་དེ་ལོ་རྒྱུས་སྟེང་སྡུག་ཤོས་སུ་སླེབས་ཡོད་པ་རེད། གོ་མཚོན་གདོང་གཏུག་བྱེད་པའི་ས་ཁུལ་ཁ་ཤས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་རྣམ་པ་ཤུགས་ཆེན་བྱུང་ཡོད་ལ། རྒྱལ་ཁབ་དམག་འཁྲུག་ནང་ལྷུང་བའི་རྐྱེན་མི་སེར་ཚོས་གནས་ཚུལ་ཐོས་ཐུབ་ཀྱི་མེད་པ་དང་གསར་འགོད་པས་དྲག་སྤྱོད་དོན་རྐྱེན་སྐོར་གནས་ཚུལ་ལེན་ཐུབ་ཀྱི་མེད་པ། སྐྱེལ་འདྲེན་དངོས་ཟོག་དབོར་འདྲེན་དང་མྱུར་སྐྱོབ་རོགས་སྐྱོར་ལས་དོན་ཐད་དཀའ་ངལ་མང་པོ་འཕྲད་བཞིན་པ་བརྗོད་འདུག
དེ་བཞིན་རང་དབང་ཁང་པའི་གཙོ་འཛིན་ལས་ཚབ་(Nicole Bibbens)་ལགས་ཀྱིས། མི་རྣམས་ཀྱིས་དྲ་རྒྱའི་སྟེང་ཡིད་ཆེས་འཕེལ་བའི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་མེད་པས། གནས་ཚུལ་རྫུན་མ་དང་གོ་ནོར་ཐེབས་པའི་ནང་དོན་རྒྱ་ཆེར་ཁྱབ་ནས་མི་རྣམས་ཀྱིས་འོས་འདེམས་མཇུག་འབྲས་ལ་ཐེ་ཚོམ་བྱས་ནས་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་མེད་པའི་གནས་ཚུལ་ཡོང་ཡོད་པ་གསུང་ནས་ཁོང་གིས་འདས་པའི་ལོ་གཅིག་ནང་འཛམ་གླིང་གི་ཡུལ་ཕྱོགས་སོ་སོའི་མི་མང་ནས་འོས་ཤོག་འཕེན་པའི་ས་ཚིགས་ལ་བསྐྱོད་ནས་འོས་ཤོག་ཕངས་རྩིས་དུས་སུ། དྲ་རྒྱའི་སྨྲ་བརྗོད་དྲག་སྤྱོད་གྱི་རྒོལ་རྡུང་དང་འཇིགས་སྐུལ་གནོད་ཚབས་ཡོང་སྲིད་པ་རེད། དེ་བས་བདེ་འཇགས་དང་ཡིད་ཆེས་འཕེལ་བའི་དྲ་གནས་ཁོར་ཡུག་བསྐྲུན་ནས་དྲ་རྒྱའི་རང་དབང་ལ་སྲུང་སྐྱོབ་དང་། དམངས་གཙོར་སྲུང་སྐྱོབ་དང་ཤུགས་སྣོན་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ནན་གསུང་གནང་འདུག
དེ་བཞིན་རང་དབང་སྒོ་འབྱེད་ཀྱི་དྲ་གནས་ནི་དུས་རབས་༢༡པའི་དམངས་གཙོའི་ལས་ལུགས་ལེགས་པོའི་ཐོག་འཁོར་སྤྱོད་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན། རང་དབང་ཁང་པའི་ཚན་རྩལ་དམངས་གཙོའི་སྡེ་ཚན་གྱི་ཉམས་ཞིབ་འགན་འཛིན་(Allie Funk)་ནས་གསུང་ཡོད། འཛམ་གླིང་སྟེང་དྲ་རྒྱའི་རང་དབང་གནས་སྟངས་མར་ཆགས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་ཆེད་སྲིད་ཇུས་གཏན་འབེབས་བྱེད་མཁན་དང་ལས་ཁུངས་ནས་བསྐྱར་དུ་སྨྲ་བརྗོད་རང་དབང་རང་དབང་ཐད་སྲུང་སྐྱོབ་ཁག་ཐེག་དང་རྣམ་པ་སྣ་ཚོགས་ཀྱི་གནས་ཚུལ་ཡོང་ཁུངས་ལ་འགན་ལེན་བྱས་ནས་ས་གནས་སྤྱི་འབངས་སྤྱི་ཚོགས་ལ་རྒྱབ་སྐྱོར་ཐད་ཤུགས་སྣོན་བྱེད་དགོས་པ་རེད་ཟེར།
རང་དབང་ཁང་པས་འཛམ་གླིང་ནང་གི་རྒྱལ་ཁབ་༧༢ནང་དྲ་རྒྱའི་རང་དབང་གི་གནས་སྟངས་ཀྱི་ཡག་སྡུག་ཐད་ཉམས་ཞིབ་བྱས་པའི་ནང་རྒྱལ་ཁབ་དེ་དག་ནང་དྲ་གནས་བེད་སྤྱོད་པའི་ཁྱབ་ཚད་༨༧%ཡིན་ཞིང་། ཁྱོན་སྐར་གྲངས་༡༠༠ཐམ་པ་ཡིན་པ་དང་། མཡན་མར་དང་རྒྱ་ནག་གཉིས་ལ་སྐར་གྲངས་དགུ་ལས་ཐོབ་མེད་པར་གནས་སྟངས་ཆེས་སྡུག་ཤོས་དང་། དེ་མིན་(Kyrgyzstan)་དང་ཨ་སེ་པེ་ཇན། བེ་ལ་རུའི་སི། ཨས་ར་ཁི་སོགས་ཡིན་འདུག འཛམ་གླིང་ཐོག་དྲ་རྒྱའི་རང་དབང་ཆེ་ཤོས་ཡོད་པ་དེ་(Iceland)་དང་དེ་ནས་(Estonia)་དང་། (Canada) (Chile) (Costa Rica)བཅས་ཡིན་ཞིང་། དེ་མིན་ཨ་རི་ནི་སྐར་གྲངས་༡༠༠ཡི་ཁྲོད་སྐར་གྲངས་༧༦ཐོབ་སྟེ་གནས་སྟངས་རང་འཇགས་ཡིན་འདུག ཆི་ལི་དང་ནེ་རྡིར་ལན་ཌི་གཉིས་ད་ལོ་ཐེངས་དང་པོར་དཔྱད་ཞིབ་ནང་ཞུགས་ཤིང་། འཛམ་གླིང་གི་དྲ་གནས་རང་དབང་ཐད་ཀྱི་དཔེ་སྟོན་དུ་བཞག་ཡོད་པ་རེད།
དམངས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཞིབ་འཇུག་ཚོགས་པ་རང་དབང་ཁང་པ(Freedom House )ནི་ཨ་རིའི་གྲོས་ཚོགས་ནས་མ་དངུལ་གཏོང་གི་ཡོད་ཀྱང་རང་ཚུགས་བརྟན་པའི་ཐོག་འཛམ་གླིང་གི་མི་རེ་རེར་རང་དབང་ཡོད་པར་འབད་བརྩོན་གནང་མཁན་དང་སྤྱི་འབངས་བྱ་འགུལ་དང་དམངས་གཙོར་སྲུང་སྐྱོབ་བྱེད་མཁན་ཚོར་རྒྱབ་སྐྱོར་བྱེད་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།