རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནང་རང་དབང་མེད་པའི་གནས་སྟངས་སྡུག་ཤོས་ཡིན་པ་ཐེར་འདོན་གནང་འདུག

2025.02.26
རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནང་རང་དབང་མེད་པའི་གནས་སྟངས་སྡུག་ཤོས་ཡིན་པ་ཐེར་འདོན་གནང་འདུག ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ།
freedomhouse.org

ཁ་སྣོན། :༢༠༢༥།༠༢།༢༧

ཨ་རིའི་རང་དབང་ཁང་པས་ལོ་ངོ་ ༥༠ ལྷག་རིང་འཛམ་གླིང་གི་ཆབ་སྲིད་ཐོབ་ཐང་དང་སྤྱི་མང་གི་རང་དབང་གི་གནས་སྟངས་ལ་རྟོག་ཞིབ་གནང་བའི་གྲུབ་ཐོ་ ༢༠༢༥ ལོའི་"འཛམ་གླིང་ནང་གི་རང་དབང་" སྙན་ཐོ་གསར་པ་ཞིག་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་འདོན་སྤེལ་གནང་འདུག་པའི་ནང་བོད་ནི་འཛམ་གླིང་ནང་རང་དབང་གི་གནས་བབ་ལ་ཨང་ཀི་ཀླད་ཀོར་སྤྲད་ནས་གནས་སྟངས་སྡུག་ཤོས་ཡིན་པ་ཐེར་འདོན་གནང་འདུག

སྙན་ཐོའི་ནང་། བོད་ཀྱི་ཆབ་སྲིད་ཐོབ་ཐང་གི་གནས་བབ་དེ་ཨང་ཀི་ ༤༠ ནས་ཀླད་ཀོར་འོག་གི་ ༢ དང༌། སྤྱི་མང་གི་རང་དབང་གི་གནས་བབ་དེ་ཨང་ཀི་ ༦༠ ནས་ ༢ མ་གཏོགས་ཟིན་མེད་པར། སྤྱི་ཡོངས་ཀྱི་བོད་ནང་གི་རང་དབང་གནས་བབ་ཀྱི་ཨང་ཀི་ ༡༠༠ ནས་ཀླད་ཀོར་ཡིན་པ་གསལ་སྟོན་གནང་སྟེ་གནས་སྟངས་ཆེས་སྡུག་ཤོས་སུ་རང་འཇགས་གནས་ཡོད་པ་མ་ཟད། འདས་པའི་ལོ་ངོ་བརྒྱད་ནང་གི་སྡུག་ཤོས་དེ་ཆགས་ཡོད། ༢༠༢༣ ལོར་བོད་ནང་གི་རང་དབང་གི་གནས་བབ་ནི་བརྒྱ་ཆའི་སྐར་མ་ཨང་ཀི་ ༡ ལས་སྤྲད་མེད་པ་རེད། 
སྤྱི་ལོ་ ༢༠༢༤ ལོར་བོད་ནང་གི་རང་དབང་གནས་བབ་བརྒྱ་ཆ་བརྒྱ་ནས་ཀླད་ཀོར་ཡིན་པ་དེ་ནི་རང་དབང་གྱི་གནས་བབ་ཆེས་སྡུག་ཤོས་དེ་ཡིན་པ་དང་ ༢༠༢༣ ལོར་བརྒྱ་ནས་གཅིག་ཡིན་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་རིའི་རང་དབང་ཁང་པས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་། བོད་ནང་གི་གནས་སྟངས་དེ་ཐབས་སྡུག་ཤོས་དེ་ཡིན་པ་དང་བོད་ནང་གི་རང་དབང་གི་གནས་སྟངས་འགྲེལ་བཤད་ཞིབ་ཕྲ་དེ་ད་ལྟ་སྙན་ཐོའི་ནང་ཐོན་མེད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་༢༠༢༤ ལོར་འཛམ་གླིང་ནང་གི་རང་དབང་ནི་ལོ་ངོ་ ༡༩ རིང་བསྟུད་མར་ཉམས་ཆགས་ཕྱིན་ཡོད་ཅིང་།  རྒྱལ་ཁབ་ ༦༠ ནང་ཆབ་སྲིད་ཐོབ་ཐང་དང་སྤྱི་མང་རང་དབང་ཉམས་ཆགས་ཕྱིན་ཡོད་པ་དང།  རྒྱལ་ཁབ་ ༣༤ ནང་ཕྲན་བུའི་ཡར་རྒྱས་ཕྱིན་ཡོད་པ་གསལ་བཏོན་གནང་འདུག འཛམ་གླིང་ནང་དུ་རང་དབང་གི་གནས་བབ་ཐད་བརྩིགས་ཆེར་འཛིན་བཞིན་པའི་ཨ་རིའི་རང་དབང་ཁང་པས་བཏོན་པའི་ ༢༠༢༥ ལོའི་ལོ་འཁོར་སྙན་ཐོའི་ནང་། "མང་གཙོའི་མཉམ་མཐུན་ནི་ལོ་རྗེས་མའི་ནང་གལ་ཆེན་པོར་འགྱུར་རྒྱུ་ཡིན་པ་།" ཐེར་འདོན་བྱས་ཡོད་པ་རེད།

༢༠༢༥ ལོའི་"འཛམ་གླིང་ནང་གི་རང་དབང་"སྙན་ཐོའི་ནང༌། རྒྱ་ནག་ནང་གི་རང་དབང་གི་གནས་བབ་ནི་སྐར་མ་ཨང་ཀི་ ༡༠༠ ནས་ ༩ རུ་གནས་ཡོད་པ་འདི།  ༢༠༢༡ ལོ་ནས་བཟུང་ཡར་རྒྱས་སོང་མེད་པར་སྐྱོ་པོར་རང་འཇགས་ལུས་ཡོད་པ་བསྟན་ཡོད། 

སྙན་ཐོའི་ནང་ད་དུང་། "རྒྱ་ནག་གི་དབང་སྒྱུར་པའི་ལམ་ལུགས་ནི་ལོ་ཁ་ཤས་ནང་དྲག་གནོན་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་མུ་མཐུད་ནས་མིའི་ཚེ་སྲོག་དང་སྲིད་དབང་གི་ཆ་ཤས་ཚང་མའི་ཐོག་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད། དཔེར་ན། རྒྱལ་ཁབ་ཀྱི་སྲིད་གཞུང་དང་། གསར་འགྱུར་ལས་ཁང༌། དྲྭ་ལམ་གྱི་སྨྲ་བརྗོད། ཆོས་ལུགས་ཉམས་ལེན། སློབ་ཆེན། ཚོང་ལས། དེ་བཞིན་མི་སེར་གྱི་སྤྱི་ཚོགས་མཐུན་ཚོགས་བཅས་ཡིན།"ཞེས་གསལ་སྟོན་བྱས་འདུག་ལ། "རྒྱ་ནག་གཞུང་གི་དབང་ཆ་གཙོ་འཛིན་པ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་བོད་ནང་དབང་སྒྱུར་བྱེད་ཀྱི་ཡོད་པ་དང༌། ས་གནས་ཀྱི་ཐག་གཅོད་བྱེད་པའི་དབང་ཆ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལག་པར་ཡོད་པ་དང་།  རྒྱ་རིགས་དང་བོད་རིགས་གཉིས་ཀར་གཞི་རྩའི་ཐོབ་ཐང་རྣམས་བཀག་འགོག་བྱེད་ཀྱི་ཡོད་པ་དང༌། དབང་འཛིན་པ་ཚོས་བོད་མི་ཚོའི་ཁྲོད་ནས་རྒྱ་གཞུང་ལ་མི་འདོད་པའི་ངོ་རྒོལ་གྱི་་མངོན་རྟགས་ཚང་མར་དམིགས་བསལ་གྱིས་ནན་ཏན་བྱེད་ཀྱི་ཡོད་རེད།" ཅེས་རང་དབང་ཁང་པས་སྙན་ཐོའི་ནང་གསལ་སྟོན་བྱས་འདུག 

*ནོར་བཅོས། སྤྱི་ལོ་ ༢༠༢༤ ལོའི་ནང་འཛམ་གླིང་ནང་གི་རང་དབང་སྐོར་གྱི་སྙན་ཐོའི་ནང་། བོད་ནང་ཆབ་སྲིད་ཀྱི་རང་དབང་ཨང་ ༤༠ ནང་ནས་ཀླད་ཀོར་འོག་གི་གཉིས་པ་དང་སྤྱི་དམངས་ཀྱི་རང་དབང་ཐད་ཨང་གྲངས་༡༠༠ནས་འོག་གི་གཉིས་པ་མ་གཏོགས་སྤྲད་གནང་མེད། ཅེས་པ་ནོར་འཛོལ་བྱུང་འདུག་ཅིང་། དངོས་ཡོད་ནི། བོད་ཀྱི་ཆབ་སྲིད་ཐོབ་ཐང་གི་གནས་བབ་དེ་ཨང་ཀི་ ༤༠ ནས་ཀླད་ཀོར་འོག་གི་ ༢ དང༌། སྤྱི་མང་གི་རང་དབང་གི་གནས་བབ་དེ་ཨང་ཀི་ ༦༠ ནས་ ༢ མ་གཏོགས་ཟིན་མེད་པར། སྤྱི་ཡོངས་ཀྱི་བོད་ནང་གི་རང་དབང་གནས་བབ་ཀྱི་ཨང་ཀི་ ༡༠༠ ནས་ཀླད་ཀོར་ཡིན་པ་ནོར་བཅོས་ཞུས། 

གསར་འགོད་པ། མཁའ་འགྲོ་གཡང་འཛོམས། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎