ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་གནས་བབ་སྡུག་ཤོས་ཀླད་ཀོར་ལ་མར་ཟགས་པ་གསལ་སྟོན་གནང་འདུག

2024.03.01
ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་གནས་བབ་སྡུག་ཤོས་ཀླད་ཀོར་ལ་མར་ཟགས་པ་གསལ་སྟོན་གནང་འདུག ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཡིན་པ་གསལ་སྟོན་གནང་བའི་དྲྭ་ངོས། ༠༢།༢༠༢༤
སྒྲིག་བཟོ། /RFA/FH

འདི་ཚེས་༢༩ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་(Freedom House)་ཞེས་པས་འདས་བའི་ཕྱི་ལོ་༢༠༢༣ལོའི་འཛམ་གླིང་ནང་གི་རང་དབང་གནས་བབ་ཀྱི་ལོ་འཁོར་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བའི་ནང་། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་གྲངས་༢༡༠ནང་ནས་བོད་ནི་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་ཆེས་སྡུག་ཤོས་དེ་ཡིན་པ་གསལ་སྟོན་གནང་ཡོད་པ་དང་། ཚད་གཞི་ལྟར་བྱས་ན། འདི་ནི་རྒྱ་གཞུང་གིས་འདས་བའི་མི་ལོ་༦༥རིང་བོད་བཙན་བཟུང་བྱས་ནས་ད་ཆ་བོད་ནང་གི་སྤྱི་ཡོངས་ཀྱི་རང་དབང་གི་གནས་སྟངས་ཚད་གཞི་༡༠༠ནས་ཀླད་ཀོར་ལ་མར་ཟགས་ཡོད་པ་དང་། འདི་ནི་འདས་བའི་ལོ་༨ནང་བརྒྱ་ཆ་དམའ་ཤོས་དང་ཀླད་ཀོར་ལ་ཟགས་པ་ཐོག་མ་ཡིན་པ་རེད་འདུག
བོད་ནང་གི་གནས་སྟངས་ནི་དེ་སྔ་ལས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་དུ་བོད་ཕྲུག་རྣམས་བཙན་དབང་གིས་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་དང་བཅས་བ་རྩ་མེད་གཏོང་བཞིན་པའི་གནས་སྟངས་བཅས་ནི་བློ་ཚབས་སྐྱེས་གཞི་ཡིན་པ་དང་། རྒྱ་ནག་ནི་འཛམ་གླིང་ནང་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་ལ་བརྡལ་བཤིག་གཏོང་མཁན་ཆེས་སྡུག་ཤོས་ཡིན་པ་གསལ་སྟོན་གནང་འདུག

freedomgouse tib.png
ཨ་རིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་ནང་རང་དབང་མེད་པའི་ཡུལ་ལུང་སྡུག་ཤོས་ཡིན་པ་གསལ་སྟོན་གནང་བའི་དཔེ་རིས། - སྒྲིག་བཟོ། ནོར་སྒྲོན། བསྟན་འཛིན་པདྨ།
རང་དབང་ཁང་པའི་ལོ་འཁོར་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བའི་ལས་རིམ་ཐོག བོད་དང་ཧོང་ཀོང་གཉིས་རྒྱ་ནག་ནས་ཐ་དད་ལོགས་སུ་དབྱེ་ནས་རང་དབང་གི་གནས་སྟངས་གསལ་སྟོན་གནང་ཡོད་པ་མ་ཟད། བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ནི་རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པ་ཐེར་འདོན་གནང་སོང་།
སྐབས་དེར་རང་དབང་ཁང་པའི་ཉམས་ཞིབ་པ་དང་སྙན་ཐོ་ཕྱོགས་བསྒྲིགས་གནང་མཁན་(Yana Gorokhovskaia)་ལགས་ཀྱིས། ཚོགས་པས་ཞིབ་འཇུག་བྱས་བའི་སྙན་ཐོའི་ནང་། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལྟར། བོད་ནང་གི་གནས་སྟངས་ཡང་དེ་སྔ་ལས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་། བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་ནས་ཁོང་ཚོའི་རང་དབང་ལ་དོ་ཕོག་གཏོང་གི་ཡོད་པ་གསུངས་གནང་སོང་།
ད་རེས་ཀྱི་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་༢༡༠ཡི་ནང་གི་རང་དབང་གི་གནས་སྟངས་བཀོད་ཡོད་པ་དང་། སྤྱི་ལོ་༡༩༧༣ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པས་འཛམ་གླིང་ནང་གི་རང་དབང་གནས་བབ་ཀྱི་ལོ་འཁོར་ཞིབ་འཇུག་སྙན་ཐོ་ཐེངས་དང་པོ་འདོན་སྤེལ་གནང་སྐབས། འཛམ་གླིང་གི་རྒྱལ་ཁབ་༡༤༨ནང་ནས་རྒྱལ་ཁབ་༤༤ནང་རང་དབང་ཡོད་པ་གསལ་ཡོད་པ་དང་། ད་ཆ་ལོ་ངོ་༥༡རྗེས་འཛམ་གླིང་གི་རྒྱལ་ཁབ་༡༩༥ནང་ནས་རྒྱལ་ཁབ་༥༢ནང་རང་དབང་ཡོད་པའི་ཁོངས་སུ་བཞག་འདུག
ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་ནི། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་། དམངས་གཙོའི་གནས་བབ་བཅས་ཀྱི་ཐོག་ལ་ཉམས་ཞིབ་གནང་མཁན་འཛམ་གླིང་ནང་གི་ལྟ་ཞིབ་ཚོགས་པ་གྲགས་ཅན་ཞིག་ཡིན་པ་རེད།



གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎